འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་9ཉིན།

༄༅།།གཙུག་ལག་ཁང་གི་མེ་ཟོན་བདེ་འཇགས་སོགས་ལ་སྒོར་བྱེ་བ་4ལྷག་ཙམ་བཏང་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་09ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར། གཙུག་ལག་ཁང་གི་སྤྱི་ཡོངས་ཀྱི་བདེ་འཇགས་དང་། སྔོན་འགོག མེ་ཟོན། གློག་ཤུགས་མཐོར་གཏོང་སྒྱུར་བཀོད། དེ་བཞིན་རིག་དངོས་སྲུང་སྐྱོབ་ལས་གྲྭ་སོགས་ཉེ་དུས་སྔ་རྗེས་སུ་ལག་བསྟར་བྱས་པ་དང་། ལས་གྲྭར་རིམ་རྩིས་བྱས་ན་མ་དངུལ་སྒོར་བྱེ་བ་4ལྷག་ཙམ་བཏང་ཡོད་པ་རེད། 
    ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུས་ཀྲང་ཅིན་ཡུང་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བདེ་སྲུང་དང་མེ་ཟོན་གྱི་རྣམ་གྲངས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། གློག་ཤུགས་མཐོར་གཏོང་གི་རྣམ་གྲངས་ཀྱང་ཉེ་དུས་ལག་བསྟར་བྱེད་མཁན་ཡིན་ཞིང་། ལས་གྲྭ་ཧྲིལ་པོ་ད་ལོ་ལེགས་གྲུབ་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པའི་བརྩོན་ལེན་བྱེད་བཞིན་ཡོད། ད་ཐེངས་མེ་ཟོན་གྱི་སྤྱི་ཡོངས་རིམ་སྤོར་སྒྱུར་བཀོད་ལས་གྲྭར་མེ་ཟོན་སྒྲིག་བཀོད་ཧྲིལ་པོ་རིམ་སྤོར་སྒྱུར་བཀོད་དང་དེ་བཞིན་གཙུག་ལག་ཁང་གི་མཐའ་འཁོར་གྱི་ས་འོག་མེ་ཟོན་ཆུ་རྫིང་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ཚུད་ཡོད། 
    “གཙུག་ལག་ཁང་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པར་གནས་ཤིང་། ཡུག་ཁུལ་ནང་གི་མི་འབོར་འདུས་ཚད་ཆེ་བ་དང་། ཆུ་གནོན་ཚད་ཡོད་པ་སོགས་ཀྱི་དོན་དངོས་ལ་བསམ་གཞིག་བྱས་ནས་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་པ་བརྒྱུད། གཙུག་ལག་ཁང་གི་མཐའ་འཁོར་དུ་ས་འོག་གི་མེ་ཟོན་ཆུ་རྫིང་བསྐྲུན་རྒྱུའི་གཏན་འཁེལ་བྱས་པ་རེད། དེས་གཙུག་ལག་ཁང་གི་མེ་ཟོན་ཆུ་སྤྱོད་འགན་ལེན་ཐུབ་པ་དང་ཆབས་ཅིག གྲོང་ཁུལ་རྙིང་པའི་བདེ་འཇགས་དང་སྲུང་སྐྱོང་ལ་མེ་ཟོན་འཕྲལ་སྡོམ་གྲ་སྒྲིག་ཡག་པོ་བྱེད་ཐུབ”ཅེས་བཤད། 
    གཞན་ཡང་། གཙུག་ལག་ཁང་གི་མདུན་དུ་ད་བར་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཐང་བོད་མནའ་འབྲེལ་གྱི་རྡོ་རིང་དང་། འབྲུམ་པའི་རྡོ་རིང་། ཡིག་མེད་རྡོ་རིང་བཅས་སྲུང་སྐྱོང་དེ་བས་ཡག་པོ་བྱ་ཆེད། གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱིས་མ་དངུལ་སྒོར་ས་ཡ་6ལྷག་ཙམ་བཏང་ནས་རྡོ་རིང་ལ“སྲུང་སྐྱོང་བསིལ་ཁང”བཟོས་ཡོད།