འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་8ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་སི་ཁྲོན་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཆེད་དོན་བཅོས་སྒྲིག་ལྟ་སྐུལ་མཛུབ་ཁྲིད་
ཚོགས་ཆུང་སི་ཁྲོན་ཞིང་ཆེན་དུ་བཅའ་སྡོད་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་08ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་ཆེད། ཚེས་7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་སི་ཁྲོན་གྱི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་ཆེད་དོན་བཅོས་སྒྲིག་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་སི་ཁྲོན་ཞིང་ཆེན་དུ་བཅའ་སྡོད་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ་བ་རེད།
     ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། འཕྲལ་སྡོམ་དོ་དམ་པུའི་ཏང་ཨུད་ཧྲུའུ་ཅི་ཧོང་མིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་ཞིང་ཆེན་ཞིག་གི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་ཆེད་དོན་བཅོས་སྒྲིག་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དེ་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན། ཆེད་དོན་བཅོས་སྒྲིག་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དངོས་སུ་བསླབ་བྱ་བསྡུ་ལེན་དང་གནད་དོན་གྱི་ཞན་ཆ་གནད་ལ་འཁེལ་པོས་འཚོལ་བ་དང་། ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱ་ཐབས་དེ་བས་ཏན་ཏིག་དང་ནུས་ལྡན་བཅས་ཀྱི་སྒོ་ནས་ཆེད་དོན་བཅོས་སྒྲིག་བྱས་ཏེ་ཕན་འབྲས་དངོས་ཐོབ་པའི་འགན་ལེན་བྱེད་དགོས་ཞེས་བརྗོད།
     ཧོང་མིང་གིས་ཆེད་དོན་བཅོས་སྒྲིག་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ནས་ཆེད་དོན་བཅོས་སྒྲིག་བྱས་པ་བརྒྱུད“མཐོར་གཏོང་བཞི”མངོན་འགྱུར་ཡོང་རྒྱུ་བརྩོན་ལེན་གང་ཐུབ་བྱེད་དགོས་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་ཕྱོགས་ཟབ་ཏུ་གཏོང་བ། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་སེལ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་རང་རྟོགས་ངང་ཕྲག་ཐོག་ཏུ་འཁུར་བ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་དགོས། གཉིས་ནས་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། སི་ཁྲོན་ཞིང་ཆེན་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་སྤྱི་འདོམས་འཆར་འགོད་བྱེད་དགོས་ལ། རྒྱུད་རིམ་རང་བཞིན་གྱི་འཆར་འགོད་དང་། འཐབ་ཇུས་རང་བཞིན་གྱི་ཚན་རིག་དང་མཐུན་པའི་བཀོད་སྒྲིག ཕྱོགས་ཡོངས་ནས་ཐབས་ཇུས་ལག་བསྟར་བཅས་བྱས་པ་བརྒྱུད་མཛུབ་ཁྲིད་བསམ་བློ་དང་། སྒྲིག་སྲོལ་དང་ལམ་སྲོལ། ཆེད་ལས་དཔུང་ཁག མཉམ་འགོག་མཉམ་འཛིན། རྨང་གཞིའི་སྒྲིག་བཀོད་སོགས་རྩ་བའི་རང་བཞིན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། གསུམ་ནས་ས་གནས་ས་ཐོག་གི་རོགས་སྐྱོབ་ནུས་པ་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་མེ་གསོད་རུ་མི་ཚོའི་མི་ལུས་བདེ་འཇགས་དེ་ཨང་དང་པོར་འཇོག་དགོས་པ་མ་ཟད། ཚན་རིག་དང་མཐུན་པའི་ཉེན་སེལ་རོགས་སྐྱོབ་ལྕགས་ལྟར་གྱི་ལམ་སྲོལ་དུ་བསྒྱུར་བ་བྱས་ནས། འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། བཀོད་འདོམས་མ་ལག་འཐུས་ཚང་དུ་གཏོང་བ། ཉེན་གཡོལ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མི་སྣ་ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་སླར་ཡང་མི་ཐོན་པ་བྱེད་དགོས། བཞི་ནས་མེ་སྐྱོན་འགོག་བཅོས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་ཤིང་། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད་མང་ཚོགས་ཤི་རྨས་བཟོ་བའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཅུང་ཆེ་བའི་མེ་སྐྱོན་དང་སྤྱིར་བཏང་གི་མེ་སྐྱོན་མངོན་གསལ་དོད་པོས་ཐོན་ཉུང་དུ་གཏོང་དགོས་པ་མ་ཟད། བྱང་ཆུབ་པའི་ལམ་ལུགས་ཀྱི་ཚད་གཞི་དང་ལས་ཀའི་ཚད་གཞི་ཆ་ཚང་ཞིག་ཧུར་ཐག་ཆགས་པ་བྱས་ནས་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་དཔྱད་གཞི་མཁོ་འདོན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
     འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཁྱབ་ཁོངས་ནང་བསམ་བློའི་ངོས་འཛིན་དང་། སྒྲིག་སྲོལ་ལམ་སྲོལ། འགན་འཁྲི་དོན་འཁྱོལ། ཉེན་ཁ་དང་མངོན་མེད་རྐྱེན་ངན། དཔུང་ཁག་འཛུགས་སྐྱོང་། རྨང་གཞིའི་སྒྲིག་བཀོད། དྲིལ་བསྒྲགས་སློབ་གསོ་སོགས་ཐད་ཚུད་ཡོད་པ་དང་། ལོ་གཅིག་གི་དུས་ཚོད་སྤྱད་དེ་དུས་མཚམས་གསུམ་ལ་དབྱེ་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། དུས་མཚམས་དང་པོར་གཅིག་སྡུད་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་དང་། ཟླ་5ཚེས་7ཉིན་ནས་ཟླ་7ཚེས་7ཉིན་བར་རིམ་ཁག་འགོ་ཁྲིད་ལས་བྱེད་པར་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་རྒྱུར་རོགས་རམ་བྱེད་རྒྱུ་དང་། མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་སྒྲིག་སྲོལ་ལམ་སྲོལ་ཕྱོགས་ཡོངས་ནས་མཐུན་སྦྱོར་ཡོང་རྒྱུར་སྐུལ་འདེད་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ཆེད་ལས་སྟོབས་ཤུགས་མ་ལག་འཛུགས་སྐྱོང་བྱེད་པ། ཉེན་ཁ་ཆེན་པོ་དང་། གནད་དོན་མངོན་གསལ། དག་ཐེར་ལས་འགན་དང་ལམ་ལུགས་འཐུས་ཚང་དུ་གཏོང་བའི“གསལ་ཐོ་བཞི”བཟོ་བ། རྩ་ལག་མཉམ་བཅོས་ཀྱི་ཇུས་གཞི་བཟོ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བཅས་བྱས་ནས་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད། དུས་མཚམས་གཉིས་པར་དག་ཐེར་མཐོ་རུ་བཏང་རྒྱུ་དང་། ཟླ་9པ་ནས་ཟླ་12པའི་བར་བཅོས་སྒྲིག་ཇུས་གཞི་གཞིར་བཟུང་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་བཅོས་སྒྲིག་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད། དུས་མཚམས་གསུམ་པར་དཔྱད་དཔོག་ཞིབ་བཤེར་བྱ་རྒྱུ་དང་། ཕྱི་ལོའི་ཟླ་2པ་ནས་ཟླ་5པའི་བར་སི་ཁྲོན་ཞིང་ཆེན་གྱི་བཅོས་སྒྲིག་གནས་ཚུལ་ལ་ཞིབ་བཤེར་དང་དཔྱད་དཔོག་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་དཔྱིད་དུས་ཀྱི་མེ་ཟོན་དུས་ཚོད་ལ་ཞིབ་བཤེར་བྱེད་པའི་ཆེད་དོན་བཅོས་སྒྲིག་གྱི་ཕན་འབྲས་དང་ཟུང་འབྲེལ་གྱིས་རྗེས་འདེད་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་སླར་ཡང་ཐོན་རྒྱུ་གཏན་འགོག་བྱས་ཏེ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།