འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་7ཉིན།

༄༅།།མཚོ་སྔོན་ཝུའུ་ལན་ཆོན་ཀོའུ་ཡི་བཙན་པོའི་དུས་སྐབས་ཀྱི་ལྡེབས་རིས་བང་སོ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་07ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན། 2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པར་གསར་དུ་ཤེས་རྟོགས་བྱུང་བའི་“མཚོ་སྔོན་ཝུའུ་ལན་ཆོན་ཀོའུ་ཡི་བཙན་པོའི་དུས་སྐབས་ཀྱི་ལྡེབས་རིས་བང་སོ་”མིང་ཐོར་ཚུད་ཡོད།
    ཆོན་ཀོའུ་དུར་ས་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཞི་ལི་ཀོའུ་གྲོང་རྡལ་ཧོ་ཏུང་གྲོང་ཚོའི་ཆོན་ཀོའུ་ཉེ་འཁོར་གྱི་རི་ཁུག་ཏུ་ཡོད་ཅིང་། བང་སོ་ཨང་དང་པོ་ནི་ཁེར་རྐྱང་དུ་གནས་པའི་དེའུ་འབུར་ངོས་སུ་ཡོད། 2018ལོའི་ཟླ་9པ་ནས་2019ལོའི་ཟླ་9པར། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆོག་མཆན་སྤྲད་པ་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་རིག་དངོས་ཅུས་ཀྱིས་བཀོད་སྒྲིག་བྱས་པ་བརྒྱུད། མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཝུའུ་ལན་རྫོང་ཨུ་སྲིད་གཞུང་གིས་རྒྱབ་སྐྱོར་མཐུན་སྦྱོར་བྱེད་པ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་སློབ་གླིང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་། མཚོ་ནུབ་ཁུལ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་། ཝུའུ་ལན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་བཅས་མཉམ་འབྲེལ་སྒོས་བང་སོ་དེ་བརྐོས་པ་རེད། 
    ཆོན་ཀོའུ་ལྡེབས་རིས་བང་སོ་ནི་མཚོ་བོད་མཐོ་སྒང་ནས་ཐོག་མར་རྙེད་པའི་བཙན་པོའི་དུས་ཀྱི་ལྡེབས་རིས་བང་སོ་ཡིན་པ་དང་། རི་མོ་འབྲི་རྩལ་ལ་ཐང་རྒྱལ་རབས་ཀྱི་འབྲི་སྲོལ་གྱི་ཤུགས་རྐྱེན་ཟབ་མོ་ལྡན་པ་དང་། རི་མོའི་ནང་དོན་ལ་མཚོ་བོད་མཐོ་སྒང་གི་འབྲོག་པའི་ཁྱད་ཆོས་ལྡན་ཞིང་། དེ་ལ་ལོ་རྒྱུས་དཔྱད་གཞི་ཡིག་ཆའི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ཡོད། ཚོན་རིས་ཀྱི་པུར་སྒམ་ཡང་ད་བར་མཚོ་བོད་མཐོ་སྒང་དུ་ཐོག་མར་ཤེས་རྟོགས་བྱུང་བའི་དམིགས་བསལ་གྱི་དུར་འཇུག་ཡོ་བྱད་ཀྱི་མཛེས་རྒྱན་རྣམ་པ་རེད། བང་སོ་ནང་དུ་དམ་སྦྱར་ཅན་གྱི་མུན་དྲ་བཟོས་ཡོད་པ་དེ་ནི་ཀྲུང་གོ་རུ་མ་ཟད་ཐ་ན་འཛམ་གླིང་གི་གནའ་རྫས་རྟོག་ཞིབ་ལོ་རྒྱུས་ཁྲོད་དུའང་འདི་འདྲའི་རིགས་རྙེད་མྱོང་མེད་པ་རེད། མུན་དྲའི་ཁྲོད་ཀྱི་གསེར་ཟངས་ཀྱི་དབུ་རྒྱན་དེས་བང་སོ་འདི་ནི་བཙན་པོའི་དུས་སྐབས་ཀྱི་རྒྱལ་རྒྱུད་དང་འབྲེལ་བ་ཟབ་མོ་ལྡན་སྲིད་པ་མཚོན། 
    ཤེས་རྟོགས་བྱུང་བར་གཞིགས་ན། ཆོན་ཀོའུ་ལྡེབས་རིས་བང་སོ་ནི་མཚོ་སྔོན་ཞིང་ཆེན་གྱི་རུའེ་ཧྲུའུ་བང་སོ་1996ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུའི་ནང་བདམས་ཐོན་བྱུང་བ་དང་། བླ་ཅ་གནའ་ཤུལ་2001ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུའི་ནང་བདམས་ཐོན་བྱུང་རྗེས། ལོ་18འགོར་རྗེས་སླར་ཡང་བདམས་ཐོན་བྱུང་བའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུའི་ནང་གི་གཅིག་རེད།