འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་7ཉིན།

༄༅༎ཨ་རིའི་མི་མང་པོས་ཏོག་གསར་ནད་དུག་རང་བྱུང་ཁམས་ནས་བྱུང་བ་ནན་བཤད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་07ཉིན། 11:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་5ཉིན། ཨ་རིའི་ཇུས་འདོན་དཔོན་མཉམ་འབྲེལ་ཚོགས་འདུའི་ཀྲུའུ་ཞི་སྨི་ལིས་ཟུར་ལྔའི་ཐོག་ཁང་དུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཏོག་གསར་ནད་དུག་ནི་རང་བྱུང་ཁམས་ལས་བྱུང་བ་ཡིན་པ་ལས་མིས་བཟོས་པ་མིན་པ་དཔང་རྟགས་དང་བཅས་ར་སྤྲོད་བྱུང་ཡོད་ཅེས་བསྟན། སྨི་ལིའི་རྣམ་འགྱུར་དེ་ཨ་རིའི་སྲིད་གཉེར་བ་ཁག་ཅིག་གིས་ཉེ་ཆར་ནད་དུག་འབྱུང་ཁུངས་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་དང་མངོན་གསལ་དོད་པོས་འགལ་ཡོད། 
     “ནད་དུག་ཚོད་ལྟ་ཁང་ལས་བྱུང་བའི”ལྐོག་གཡོ་སྨྲ་བ་དེར་ཉེ་ཆར་ཨ་རིའི་ལས་རིགས་ཁག་གིས་ཡོངས་ཁྱབ་ཀྱིས་དགག་པ་བརྒྱབ་ཡོད། ཨ་རིའི་ལས་ཐོག་རྗེས་མའི་རྒྱལ་ཁབ་གསང་འཕྲིན་སྤྱི་ཁྱབ་ལྟ་ཞིབ་པ་ཇོང་སེན་ལ་ཐེ་ཁེ་ལི་ཧྥུའུ་ཟླ་5ཚེས་5ཉིན་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་མིང་འདོན་དཔང་ཉན་ཚོགས་འདུར་ཞུགས་སྐབས་ཏོག་གསར་ནད་དུག་དེ་ཚོད་ལྟ་ཁང་ལས་བྱུང་བའི་སྐོར་གྱི་དཔང་རྟགས་གང་ཡང་མཐོང་མེད་ཅེས་བརྗོད། ཟླ་4ཚེས་30ཉིན། ཨ་རིའི་རྒྱལ་ཁབ་གསང་འཕྲིན་སྤྱི་ཁྱབ་ལྟ་སྐུལ་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་ནས་གསང་འཕྲིན་ལས་རིགས་ཀྱིས་ཚན་རིག་ལས་རིགས་ཀྱི་ཏོག་གསར་ནད་དུག་ནི་མིས་བཟོས་ནད་དུག་མིན་ལ་གཞི་རྒྱུ་སྒྱུར་བཀོད་ཀྱང་བྱས་མེད་པའི་ཐུན་མོང་ངོས་འཛིན་ལ་མོས་མཐུན་བྱས་ཡོད་པར་བཤད། 
     《ཉིའུ་གཡོད་དུས་ཚགས་》ཐོག་དེ་གོང་རྩོམ་ཡིག་སྤེལ་བའི་ནང་། ཨ་རིའི་ད་ལྟའི་དཔོན་རིགས་དང་དཔོན་རིགས་ཟུར་པས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གསང་འཕྲིན་སྒྲིག་གཞིར་གནོན་ཤུགས་སྤྲད་དེ་ཁོ་ཚོར་ཏོག་གསར་ནད་དུག་དང་ཚོད་ལྟ་ཁང་གཉིས་འབྲེལ་མཐུད་བྱེད་པའི་དཔང་རྟགས་བཙལ་དགོས་པའི་ལྕག་སྐུལ་བྱས་ཡོད་ཅེས་བཤད་པ་རེད། སྲིད་གཉེར་བ་ཁག་གཅིག་གིས་ད་དུང་ཀྲུང་གོར་སྐྱོན་བརྗོད་བྱེད་རྒྱ་ཆེ་རུ་བཏང་ནས་ཨ་རིའི་འདེམས་བསྐོ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་སུ་མང་ཚོགས་ཀྱིས་ཨ་རིའི་རྒྱལ་ནང་གི་གནད་དོན་ལ་དོ་སྣང་བྱེད་ཤུགས་སྤོ་སྒྱུར་གཏོང་རྩིས་ཡོད། གསང་འཕྲིན་ལས་རིགས་ཀྱི་མི་སྣས་མཐོ་རིམ་ནས་སྤྲད་པའི་གནོན་ཤུགས་ཀྱིས་ཏོག་གསར་ནད་དུག་ལ་དམིགས་པའི་དཔྱད་དཔོག་འཁྱོག་བརྗོད་དང་འབྲེལ་དེ་ཆབ་སྲིད་ཀྱི་མཚོན་ཆར་སྤྱོད་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་ཅེས་བཀོད་པ་རེད། 
     “ནད་དུག་ཚོད་ལྟ་ཁང་ལས་བྱུང་བའི”ལྐོག་གཡོ་སྨྲ་བ་ལ་ཨ་རིའི་ཚན་རིག་ལས་རིགས་ཀྱིས་ཀྱང་དགག་པ་བརྒྱབ་ཡོད། ཕོ་བྲང་དཀར་པོའི་རིམས་ནད་ལ་ཁ་གཏད་གཅོག་པའི་དམིགས་བསལ་ཚོགས་ཆུང་གི་ཁོངས་མི། ཨ་རིའི་རྒྱལ་ཁབ་ཚོར་ཐལ་ནད་དང་འགོས་ནད་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཨན་ཏུང་ཉི་ཧྥུའུ་ཆིས་ཉེ་ཆར《རྒྱལ་ཁབ་ཀྱི་ས་ཁམས》ཞེས་པའི་དུས་དེབ་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས“ནད་དུག་དེ་མིས་བཟོས་པའམ་ཡང་ན་རྐང་བཙུགས་པ་ཞིག་མིན་པ”དཔང་རྟགས་ཀྱིས་ར་སྤྲོད་གསལ་པོ་བྱས་ཡོད།  ཁོང་གིས“ནད་དུག་དེ་ཚན་རིག་པས་རང་བྱུང་ཁམས་ནས་ཤེས་རྟོགས་བྱུང་ནས་ཞིབ་འཇུག་ཁང་དུ་འཁྱེར་རྗེས་ཕྱིར་ཤོར་པའི”བཤད་ཚུལ་དེ་ནི་འཁོར་སྐྱོད་ཁུངས་སྐྱེལ་ཞིག་ཡིན་པས་དེའི་ཐད་དུས་ཚོད་འཕྲོ་བརླག་གཏོང་རིན་མེད་ཅེས་བརྗོད། ཧྥུའུ་ཆིས་ཨ་རིའི་སྤྱི་དམངས་ཀྱིས་ཡིད་རྟོན་རུང་བའི་སྟེགས་བུ་བརྒྱུད་ནས་ཆ་འཕྲིན་བསྡུ་ལེན་བྱེད་དགོས་པའི་གྲོས་འགོ་བཏོན། ཨ་རིའི《གཟའ་རེའི་གསར་འགྱུར་དུས་དེབ》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཧྥུའུ་ཆི་ནི་ཨ་རིའི་རིམས་ནད་ལ་ཁ་གཏད་གཅོག་པའི་ཚན་རིག་མཁས་ཅན་གྱི་འཐུས་མི་ཡིན་པ་དང་། ཁོང་གི་ལྟ་ཚུལ་དེས་སྲིད་གཉེར་བ་འགའི་ནད་དུག་དེ་ཚོད་ལྟ་ཁང་ལས་བྱུང་བའི་བཤད་ཚུལ་ལ་དགག་པ་བརྒྱབ་ཡོད་པ་རེད། 
     ཨ་རིའི་རྒྱལ་ནང་གི་རིམས་ནད་མཆེད་པའི་གནས་ཚུལ་ཐད་མིག་སྔར་ཤེས་རྟོགས་གསར་པ་དེ་བས་མང་བ་བྱུང་ཡོད། ཨ་རིའི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཨ་རིའི་ཏོག་གསར་ནད་དུག་འགོས་པའི་ནད་དཔེ་ཐོག་མ་དེ་ཟླ་1ཚེས་21ཉིན་ལ་བྱུང་བ་རེད། འོན་ཀྱང་ཉེ་ཆར་ཉིའུ་ཇེར་སེ་མངའ་སྡེའི་པེར་ཝེའར་གྲོང་ཁྱེར་གྱི་འགོ་འཛིན་མའེ་ཁེར་མེ་ལེ་མུའུ་ཡིས་སྨྱན་སྦྱོར་ལ་ན་ནིང་ཟླ་11པར་ཁོ་ལ་ཏོག་གསར་ནད་དུག་འགོས་ཟིན་ཡང་སྲིད་ཅེས་བཤད། ཐྲེ་ཁེ་ས་སི་སློབ་ཆེན་གྱི་སྨན་བཅོས་ཚན་རིག་ལྟེ་གནས་ཀྱི་འགོས་ནད་རིག་པའི་དགེ་རྒན་ཆེ་མོ་བ་ལུའུ་དབྱི་སི་ཨའོ་སི་ཐེ་ལུའོ་སི་ཅི་ཡིས་ཟླ་3པར《དེ་རིང་གི་ཨ་རིའི་ཚགས་པར》ལ“ང་ཚོས་ན་ནིང་གི་ཟླ་12པ་དང་ད་ལོའི་ཟླ 1 པར་དཔེ་མཚོན་མིན་པའི་ཆམ་རིམས་རང་བཞིན་གྱི་ནད་གཞི་ཁག་གཅིག་ཐོན་ཡོད་པ་གོ་ཐོས་བྱུང”ཞེས་བརྗོད་པ་དང་། ཁོང་གིས་ནད་དུག་ཞིབ་དཔྱད་ཚད་ལེན་ཁོ་ན་མ་ཡིན་པར་དུག་སྲིན་འགོག་རྫས་ཞིབ་དཔྱད་ཚད་ལེན་དངོས་སུ་བྱེད་འགོ་ཚུགས་ན་མ་གཏོགས་གནད་དོན་འདི་ཁ་གསལ་བཟོ་མི་ཐུབ་ཅེས་བཤད་ཡོད།
     ཨ་རིའི་འཕྲོད་བསྟེན་རིགས་གཅིག་མཁས་ཅན་གྱིས་མིག་སྔར་ནད་དུག་གི་འབྱུང་རྩ་ཤེས་མེད་པས“ཚོད་ལྟ་ཁང་གི་གསང་ཤོར་སྨྲ་བ”དེ་བདེན་དཔང་མེད་པའི་ངོས་འཛིན་བྱས་ཡོད། སི་ཁེ་ལི་ཕུའུ་སི་ཞིབ་འཇུག་ཁང་གི་འགོས་ནད་རིག་པའི་རིགས་གཅིག་མཁས་ཅན་ཁེ་ལི་སི་ཏི་ཨན་ཨན་ཏེ་སེན་གྱིས་ནད་དུག་ཚོད་ལྟ་ཁང་ནས་ཐོན་མི་སྲིད་ཅེས་བཤད། ཨན་ཏེ་སེན་གྱིས《ཉིའུ་གཡོད་དུས་ཚགས་》ལ་ཁོང་གི་ཚོགས་པས་འཚོལ་བསྡུ་བྱས་པའི་དཔང་རྟགས་ལ་གཞིགས་ན། “ཚོད་ལྟ་ཁང་ནས་ཕྱིར་གྱར་བ་ནི་མི་མངོན་པའི་འགྲེལ་བཤད་ཅིག་ཡིན་པར་ངོས་འཛིན་པའི་རྒྱུ་མཚན་མེད་”ཅེས་བརྗོད། ཁ་ལི་ཧྥུའུ་ཉི་ཡ་སློབ་ཆེན་ཏའེ་ཝུའེ་སི་ཡན་ལག་སློབ་གྲྭའི་མཆེད་ནད་རིག་པའི་རིགས་གཅིག་མཁས་ཅན་ཆའོ་ནཱ་མཱ་ཙེ་ཐེས《ཚོང་ལས་ཀྱི་ནང་གནད》ལ་ཏོག་གསར་ནད་དུག་མཆེད་པ་དེ་ཚོད་ལྟ་ཁང་ནས་ཐོན་པ་གཏན་ནས་ཡིན་མི་སྲིད་ཅེས་བརྗོད། མཱ་ཙེ་ཐེས་ཏོག་གསར་ནད་དུག་གི་རྒྱུད་རྒྱུ་རིམ་སྟར་དེ་ཚོད་ལྟ་ཁང་གིས་ཤེས་རྟོགས་བྱུང་བའི་ཏོག་དབྱིབས་ནད་དུག་གི་མ་དཔེ་གཞན་དག་དང་དོ་སྡེབ་བྱུང་མེད་པ་མ་ཟད། སྲོག་ཆགས་ཀྱིས་མིར་བགོས་པའི་འགོས་ནད་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་ཅེས་བརྗོད་པ་རེད།