འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་7ཉིན།

༄༅།།མཚོ་སྔོན་གྱིས་འཛད་སྤྱོད་དངུལ་ལོར་སྤྲད་ནས་ཁྲོམ་རའི་གསོན་ཤུགས་འཕེལ་ཐབས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་07ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཁྲོམ་ར་བསྐོར་བ་དང་། ཟས་མཆོག་གི་བྲོ་བ་མྱོང་བ། སྒེར་འཁོར་བཏང་ནས་ཀྲོའུ་དང་རྫོང་དུ་མེ་ཏོག་ལ་ལྟ་བ་སོགས“ལྔ་གཅིག”གུང་གསེང་རིང་མཚོ་སྔོན་ལ་འབྲས་བཟང་མང་པོ་ཐོབ་པ་སྟེ། ཚོང་ཁང་ལ་ཡོང་འབབ་རག་པ་དང་། མི་སེར་དགའ་བས་མྱོས་པ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཚ་རླབས་འཕྱུར་བས། དུས་ཆེན་གྱི་རྣམ་པ་ཧ་ཅང་ཟབ་མོ་ཡོད་པ་མ་ཟད། གྲོང་མི་ཚོའི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་ཡོད།
    ཟི་ལིང་གྲོང་ཁྱེར་ནན་ཀོན་ཁྲོམ་གཞུང་སྡེ་ཁུལ་དུ་གནས་པའི་ཨ་ཅག་ལི་ལགས་ཀྱིས་སྲིད་གཞུང་གིས་གློག་རྡུལ་གྱི་འཛད་སྤྱོད་དངུལ་ལོར་སྤྲོད་རྒྱུའི་གཏམ་བཟང་ཐོས་མ་ཐག སྔ་ས་ནས་དངུལ་སྤྲོད་འབོའི་མཉེན་ཆས་ཁ་པར་དུ་ཕབ་པ་མ་ཟད། ཤོག་ཆག་ཧབ་ཐོབ་རྒྱག་སྟངས་ཀྱང་སྦྱངས།
    ད་ཆ་མཚོ་སྔོན་གྱི་སྤྱི་ཡོངས་ཀྱི་ལས་འགོ་བསྐྱར་འཛུགས་ཀྱི་ལས་དོན་རྒྱལ་ཡོངས་ཀྱི་སྔོན་དུ་སྤེལ་བ་དང་། ཐོན་ལས་ཀྱི་ཐོན་ཚད་དང་ཕན་འབྲས་ལ་ནུས་ཤུགས་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད། དགུང་སེང་གི་གོ་སྐབས་དམ་འཛིན་ཡག་པོ་བྱེད་པ་དང་དཔལ་འབྱོར་སླར་གསོའི“ཡུན་རིང་དམག་འཐབ”ཡག་པོ་རྒྱག་ཆེད། མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་སྲིད་གཞུང་གིས“ཡིད་རྟོན་བདེ་ཐང་ཨང་རྟགས”ལ་བརྟེན་ནས་ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་སྒྲིག་གཞི་ཁག་དང་བཟོ་ཚོགས་རྩ་འཛུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དམངས་ལ་ཕན་པ་དང་ཁེ་ལས་ལ་དྲོ་སྐྱིད་སྦྱིན་པའི་བདེ་ཐང་འཛད་སྤྱོད་གཟིགས་སྐྱོང་དངུལ་སྒོར་དུང་ཕྱུར་5སྤྲད་དེ་ནང་མཁོ་རྒྱ་ཆེར་བཏང་བ་བརྒྱུད་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཀྱི་གདེང་ཚོད་འཕེལ་བ་དང་འཛད་སྤྱོད་ཀྱི་གཏིང་ཤུགས་ཆེ་རུ་བཏང་བ་རེད། ཟླ་4ཚེས་28ཉིན་གྱི་ཆུ་ཚོད་བཅུ་གཉིས་ཙམ་ལ་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཟི་ལིང་གྲོང་ཁྱེར་སྲིད་གཞུང་དང་མཉམ་འབྲེལ་གྱིས་གྲོང་མིར་མ་དངུལ་སྒོར་ཁྲི་500རི་བའི་འཛད་སྤྱོད་དངུལ་ལོར་ཁྲི་10སྤྲད་པ་དང་། ཆུ་ཚོད་ལྔ་ཡང་མ་འགོར་བར་འཛད་སྤྱོད་དངུལ་ལོར་ཆ་ཚང་ཧབ་ཐོབ་བརྒྱབ་ཟིན་པ་རེད།
    སྲིད་གཞུང་གི་སྲིད་ཇུས་ཀྱི“ཁེ་སྤོགས”ཕུད། མཚོ་སྔོན་གྱི་ཚོང་ཁང་ཁག་གིས་ཀྱང་དམངས་ཕན་བྲིན་ཚོང་ཐད་ཤུགས་སྣོན་བརྒྱབ་པ་རེད། འཛད་སྤྱོད་པའི་ཡིད་དབང་བཀུག་ཆེད་ཟི་ལིང་གྲོང་ཁྱེར་འཁལ་འཐག་ཐོན་རྫས་ཐོག་བརྩེགས་ཁང་ཆེན་གྱི་གང་སར་གཟིགས་སྐྱོང་སྦྱར་ཡིག་སྦྱར་འདུག
   འཁལ་འཐག་ཐོན་རྫས་ཐོག་བརྩེགས་ཁང་ཆེན་གྱི་ཚོང་གཉེར་པུའི་པུའུ་ཀྲང་ཚའོ་ཅིང་གིས། ལས་འགོ་བསྐྱར་འཛུགས་བྱས་པ་ནས་བཟུང་། དུས་ཐུང་ནང་ཚོང་རའི་ཕན་འབྲས་སླར་གསོ་མ་ཐུབ་རུང་། སྲིད་གཞུང་གི“དམངས་ཕན་དང་ཁེ་ལས་ལ་དྲོ་སྐྱིད་སྦྱིན་པའི”བྱེད་ཐབས་ཁག་དང་ཁེ་ལས་ཀྱིས་བཏོན་པའི་དམངས་ཕན་བྱེད་ཐབས་བརྒྱུད། ལྔ་གཅིག་གུང་གསེང་རིང་འཛད་སྤྱོད་པ་ཧ་ཅང་མང་དུ་ཕྱིན་འདུག ཟླ་5ཚེས་1དང་2ཉིན་ཁོ་ནར་འཁལ་འཐག་ཐོན་རྫས་ཀྱི་བྲིན་ཚོང་དངུལ་འབོར་ན་ནིང་གི་དུས་མཚུངས་ལས་ལྡབ་གཅིག་འཕར་བ་དང་། འཛད་སྤྱོད་ཀྱི་སྐུལ་སྤེལ་ནུས་པ་ཧ་ཅང་མངོན་གསལ་དོད་དུ་ཕྱིན་འདུག་ཅེས་ངོ་སྤྲོད་བྱས།