འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་7ཉིན།

༄༅།།ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་ཞལ་འདེབས་དང་ལེན་ཚོགས་ཆེན་ལ་ཀྲུང་གོ་
སྲིད་གཞུང་གི་སྐུ་ཚབ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་07ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པའི་ཚོགས་གཙོ་ཀྲང་མིང་གིས་ཀྲུང་གོ་སྲིད་གཞུང་གི་སྐུ་ཚབ་ཐོག་ནས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་ཞལ་འདེབས་དང་ལེན་ཚོགས་ཆེན་གྱི་བརྙན་ལམ་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།
    ཀྲང་མིང་གིས། རིམས་ནད་དང་འབྲེལ་བ་མེད་པའི་མི་མེད། འཛམ་གླིང་རྒྱལ་ཁབ་ཁག་ཚང་མ་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གདེང་ཚོད་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་བྱས་ནས་ཁ་གཏད་གཅོག་པ། རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱེད་རྒྱུའི་གྲོས་འགོ་བཏོན་གནང་བས་ཚོགས་ཞུགས་འགོ་ཁྲིད་པས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་རིམས་ནད་ལ་ཁ་གཏད་གཅོག་རྒྱུའི་ཁས་ལེན་ནན་པོ་བྱས་ཏེ་གོ་ལ་ཧྲིལ་པོའི་རིམས་ནད་འགོག་རྒོལ་ལ་སྒུལ་ཤུགས་གསར་པ་ཧུར་ཐག་བསྣན་ཡོད། ཉིན་ཤས་གོང་ཙུང་ལི་ལི་ཁེ་ཆང་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥུང་ཏེ་ལའེ་ཨེན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་སྐབས། ཡོ་རོབ་མནའ་འབྲེལ་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གྲོས་འགོ་བཏོན་པ་དང་སྒྲིག་འཛུགས་བྱས་པའི་ཚོགས་ཆེན་ལ་ཧུར་ཐག་ཞུགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། དེའི་ཐད་རྒྱབ་སྐྱོར་ཧུར་ཐག་བྱེད་འདོད་ཡོད་ཅེས་གསུངས་ཡོད་ཅེས་བརྗོད་པ་རེད།
    ཀྲང་མིང་གིས། ཀྲུང་གོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་འཁུར་མཁན་གྱི་ཁོངས་མི་ཞིག་ཡིན། རང་ངོས་ཀྱི་རིམས་འགོག་ལས་འགན་ལྕི་པོ་ཡོད་ནའང་འཕྲལ་མཁོ་ཆེ་བའི་རྒྱལ་ཁབ་ལ་སྔར་བཞིན་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་རིམས་འགོག་མཉམ་ལས་ཀྱི་ཆེད་དོན་མ་དངུལ་བཏོན་ཏེ་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་150ལྷག་ཙམ་ལ་འཕྲལ་མཁོ་ཆེ་བའི་རིམས་འགོག་དངོས་ཟོག་རོགས་སྐྱོར་བྱས་པ་དང་ས་གནས་སྲིད་གཞུང་དང་། དགེ་སྒྲུབ་སྒྲིག་གཞི། མི་དམངས་ཚོགས་པ། བཟོ་ཚོང་ལས་རིགས་བཅས་ཀྱང་དེའི་ནང་ཧུར་ཐག་ཞུགས་ཡོད། ཀྲུང་གོས་རིམས་ནད་ལ་ཁ་གཏད་གཅོག་ཆེད་ཚན་ཞིབ་འགག་སྒྲོལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་སྦ་གསང་སྤུ་ཙམ་མེད་པར་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་དང་སྨན་བཅོས་ཀྱི་ཇུས་གཞི་མཉམ་སྤྱོད་བྱས་པ། རྒྱལ་ཁབ་ཚང་མར་སྒོ་ཕྱེ་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་ཐོག་ཤེས་བྱའི་ལྟེ་གནས་བཙུགས་པ། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་160ལྷག་ཙམ་དང་བརྙན་ལམ་སྤེལ་རེས་ཚོགས་འདུ་ཐེངས་120ལྷག་ཙམ་འཚོགས་པ། རྒྱལ་ཁབ་17ལ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་19བཏང་ཡོད། ད་དུང་རྒྱལ་ཁབ་ཁག་གིས་ཀྲུང་གོ་ནས་དངོས་ཟོག་ཚོང་ལས་ཉོ་སྒྲུབ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད་ཅེས་བརྗོད་པ་རེད།
   ཀྲང་མིང་གིས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་རིམས་འགོག་མཐུན་སྦྱོར་བྱེད་པའི་ལྟེ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རིམས་འགོག་མཉམ་ལས་ཀྱི་ཆེད་དོན་མ་དངུལ་གྱི་གྲངས་འབོར་སྔར་བས་མང་དུ་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་མི་ཆོས་དང་མཐུན་པའི་ཁ་གཏད་འཆར་གཞིར་རྒྱབ་སྐྱོར་བྱ་རྒྱུ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི“གོ་ལ་ཧྲིལ་པོ་མཉམ་ལས་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལག་ཆ་གསར་པ་མགྱོགས་མྱུར་གསར་སྤེལ་དང་། ཐོན་སྐྱེད། དྲང་བདེན་ངང་ཐོབ་པ་བཅས་བྱེད་དགོས་པའི”གྲོས་འགོའི་ནང་ཧུར་ཐག་ཞུགས་ནས་འགོ་ནད་འགོག་ཟོན་གྱི་གསར་གཏོད་མནའ་འབྲེལ་དང་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་ཀྱི་ནད་འགོག་མནའ་འབྲེལ་སོགས་ཚན་ཞིབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་རིམས་འགོག་གི“ཟངས་གྱང་ལྕགས་རྩིག”མཉམ་དུ་སྐྲུན་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།
    ཀྲང་མིང་གིས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་རིམས་ནད་ལ་ཁ་གཏད་གཅོག་པའི“འདམ་རྫབ་ཁུལ”དུ་འགྱུར་དུ་འཇུག་རྒྱུ་མེད། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཀྱི་འཕེལ་ཕྱོགས་དང་རྒྱལ་ཁབ་ཁག་གཅིག་གི་དགོས་མཁོ་དང་འདུན་པ་གཞིར་བཟུང་འབྲེལ་ཡོད་རྒྱལ་ཁབ་ལ་སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེར་གཏོང་བ་དང་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རོགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལག་གདང་སྦྲེལ་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པ་དང་ཕྱོགས་གསུམ་པ་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་འབོད་སྐུལ་བྱས་ཡོད་ཅེས་བརྗོད་པ་རེད།
    ཀྲང་མིང་གིས། རིམས་འགོག་བྱེད་པའི་བརྒྱུད་རིམ་ནང་ཡིད་ཆེས་དང་མཐུན་སྒྲིལ་ནི་གསེར་དངུལ་ལས་ལྷག་པ་ཡོད། འཇིགས་སྣང་བཟོ་བ་དང་རང་འགན་གཞན་དཀྲི་བྱེད་པ་ནི་ནད་དུག་ལས་འཇིགས་སྐྲག་ཆེ་བ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་ངང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཚེ། རྒྱལ་སྤྱིའི་རིམས་འགོག་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ངེས་རེད་ཅེས་ནན་བཤད་བྱས་པ་རེད།