འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་30ཉིན།

༄༅།།ཨ་རིས་སྐྱོན་འཛུགས་བྱས་པར་ཕྱི་འབྲེལ་པུའུ་ཡིས་འདི་ལྟར་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་30ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨ་རི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཨུ་ཡོན་ལྷན་ཁང་གིས་2020ལོའི་ལོ་འཁོར་གྱི་སྙན་ཞུའི་ནང་ཀྲུང་གོའི་ཆོས་ལུགས་རང་དབང་གི་གནས་ཚུལ་ཐད་སྐྱོན་འཛུགས་བྱས་པར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཚེས་29ཉིན། ཨུ་ཡོན་ལྷན་ཁང་ཟེར་བ་དེས་སྔར་ནས་ད་བར་དུ་ཀྲུང་གོར་ཆབ་སྲིད་ཀྱི་ཕྱོགས་ཞེན་ལྟ་ཚུལ་བཟུང་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་གཞི་རྩའི་དོན་དངོས་ལ་བརྩི་འཇོག་བྱས་ནས། ལོ་ལྟར་འབྲེལ་ཡོད་སྙན་ཞུ་སྤེལ་བའི་ནོར་འཁྲུལ་གྱི་བྱེད་སྟངས་འདི་མཚམས་འཇོག་པ་དང་། ཆོས་ལུགས་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན་ཞེས་བཤད། 
    ཀེང་ཧྲོང་གིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ། ཀྲུང་གོ་ནི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་ཞིང་། ཀྲུང་གོ་སྲིད་གཞུང་གིས་ཁྲིམས་ལྟར་སྤྱི་དམངས་ཀྱི་ཆོས་དད་རང་མོས་ལ་སྲུང་སྐྱོང་བྱེད་པ་དང་། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ལ་ཁྲིམས་ལྟར་ཆོས་དད་རང་མོས་ལོངས་སྤྱོད་གང་ལེགས་བྱེད་རྒྱུ་ཡོད། མིག་སྔར། ཀྲུང་གོའི་རིགས་ཁག་གི་དད་ལྡན་མང་ཚོགས་དུང་ཕྱུར་2ཙམ་ཡོད་ཅིང་། ཆོས་ལུགས་ལས་སྒྲུབ་མི་སྣ་ཁྲི་38ལྷག་དང་། ཆོས་ལུགས་ཚོགས་པ་5500ཙམ། ཁྲིམས་ལྟར་ཐོ་འགོད་བྱས་པའི་ཆོས་ལུགས་སྤེལ་ཡུལ་ཁྲི་14ལྷག་བཅས་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོར་མ་ཉེས་ཁག་གཡོག་ཇི་ལྟར་བྱས་ཀྱང་། དོན་དངོས་འདི་དག་ནི་བསྒྱུར་ཐབས་མེད་པ་ཞིག་ཡིན། དུས་མཚུངས་སུ། རྒྱལ་ཁབ་གཞན་དག་དང་འདྲ་བ། ཀྲུང་གོས་ཀྱང་མི་སུ་ཞིག་ཡིན་རུང་ཆོས་ལུགས་ཀྱི་མིང་ཐོག་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྤེལ་དུ་འཇུག་མི་སྲིད་པ་བརྗོད། 
   “ཨུ་ཡོན་ལྷན་ཁང་ཟེར་བ་དེས་སྔར་ནས་ད་བར་དུ་ཀྲུང་གོར་ཆབ་སྲིད་ཀྱི་ཕྱོགས་ཞེན་ལྟ་ཚུལ་བཟུང་ཡོད་ཅིང་། ལོ་མང་རིང་སྙན་ཞུ་སྤེལ་ནས་ཀྲུང་གོའི་ཆོས་ལུགས་སྲིད་ཇུས་ལ་ངན་སྨྲས་བྱས་པ་རེད། གཏམ་འཆལ་དེ་དག་ལ་དགག་པ་གཏན་ནས་རྒྱག་རིན་མེད་”ཅེས་ཀེང་ཧྲོང་གིས་བཤད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་གཞི་རྩའི་དོན་དངོས་ལ་བརྩི་འཇོག་བྱེད་པ་དང་། ང་རྒྱལ་དང་ཕྱོགས་ཞེན་དོར་ནས། ལོ་ལྟར་འབྲེལ་ཡོད་སྙན་ཞུ་སྤེལ་བའི་ནོར་འཁྲུལ་གྱི་བྱེད་སྟངས་འདི་མཚམས་འཇོག་པ་དང་། ཆོས་ལུགས་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན་ཟེར།