འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་30ཉིན།

༄༅༎མཚོ་སྔོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་
དཔེ་མཚོན་གནད་དོན་བཞི་བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་30ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། “ལྔ་གཅིག”གུང་གསེང་སླེབས་ཉེའི་མཚམས་སུ་སྤྱོད་ཚུལ་དྭངས་གཙང་གི་དུས་ཆེན་རྣམ་པ་གཏོད་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཚེས་28ཉིན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བཞི་བརྡ་ཁྱབ་བཏང་བ་རེད།
     ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་ཆ་ཚང་སློབ་འབྲིང་གཉིས་པས་སྒྲིག་འགལ་ངང་ཕན་བདེའི་དངུལ་སྤྲད་པའི་གནད་དོན། 2017ལོ་ནས་2019ལོ་བར་ཏ་ཐུང་རྫོང་ཆ་ཚང་སློབ་འབྲིང་གཉིས་པས“དངུལ་མཛོད་ཆུང་ཆུང”གི་མ་དངུལ་སྤྱད་དེ་དགེ་རྒན་དང་ལས་བཟོར་དངུལ་སྒོར་ཁྲི་27.37སྤྲད་ཡོད། མཚོ་སྔོན་ཞིང་ཨུད་ཀྱིས་སྐོར་གཟིཌ་བྱེད་སྐབས། དཔྱད་ཡིག་རྫུས་མ་སྤྲད་དེ་དོན་དངོས་སྦ་གསང་བྱས་པ་རེད། དེར་བརྟེན་སྐབས་དེའི་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སློབ་སྤྱི་ཀྲང་ཧའེ་ཐའོ་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་སྤྱད་པ་དང་། སྐབས་དེའི་སློབ་གྲྭའི་སྤྱི་དོན་ཁྲུའུ་ཡི་ཀྲུའུ་རེན་ཝང་ཧའེ་ཧྲེང་དང་རྩིས་པ་ལིའུ་ཧྲུན་ལིར་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ། ད་ལྟའི་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་སློབ་སྤྱི་ལི་ཕོང་ཧུའེ་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་མ་ཟད། ཏང་ཀྲི་པུའི་ཧྲུའུ་ཅི་དང་སློབ་སྤྱིའི་གོ་གནས་མེད་པར་བཟོས་པ་རེད།
     མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་མི་དམངས་སྨན་ཁང་གི་སྨན་ཆས་ཁོའོ་ཡི་དེ་སྔའི་ཀྲུའུ་རེན་ལི་ཅན་ཧྭ་དང་ཀྲུའུ་རེན་ཝང་ཧྥུང་གིས་སྒྲིག་འགལ་ངང་རྒྱུ་དངོས་བླངས་པའི་གནད་དོན། 2013ལོ་ནས་2018ལོ་བར་གྲོ་ཚང་ཆུས་མི་དམངས་སྨན་ཁང་སྨན་ཆས་ཁོའོ་ཡི་ཀྲུའུ་རེན་ལི་ཅན་ཧྭ་ཡིས་སྒྲིག་འགལ་ངང་སྨན་དང་སྨན་བཅོས་ཡོ་ཆས་འཚོང་མཁན་ས་ནས་དངུལ་སྒོར་ཁྲི་2.28བླངས་ཡོད། 2018ལོ་ནས་2019ལོ་བར། སྨན་ཆས་ཁོའོ་ཡི་ཀྲུའུ་རེན་ཝང་ཧྥུང་གིས་སྒྲིག་འགལ་ངང་སྨན་དང་སྨན་བཅོས་ཡོ་ཆས་འཚོང་མཁན་ས་ནས་དངུལ་སྒོར་ཁྲི་0.54བླངས་ཡོད། ལི་ཅན་ཧྭ་དང་ཝང་ཧྥུང་ཁག་སོ་སོར་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་བསྒྲགས་པ་མ་ཟད། ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
     མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་སློབ་འབྲིང་ལྔ་པའི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་ཁང་ཧྲེང་གིས་དོ་དམ་ཞབས་ཞུ་བྱ་ཡུལ་ནས་འབུལ་རྟེན་དངུལ་བླངས་པའི་གནད་དོན། 2018ལོར་དབང་ཁང་ཧྲེང་གི་བུ་གཉེན་སྟོན་བྱེད་སྐབས། སྒྲིག་འགལ་ངང་དགེ་རྒན་ཚོའི་ལག་ནས་འབུལ་རྟེན་དངུལ་སྒོར་ཁྲི་0.9བླངས་པ་རེད། དབང་ཁང་ཧྲེང་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་སྒྲིག་འགལ་ངང་བླངས་པའི་འབུལ་རྟེན་དངུལ་ཚང་མ་ཕྱིར་སློག་ཏུ་བཅུག་པ་རེད།
     རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་སྲིད་གྲོས་ཀྱི་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་དང་རྩིས་བཤེར་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས་ལི་ཧྥང་གིས་སྒྲིག་འགལ་ངང་ལག་རྟགས་བླངས་པའི་གནད་དོན། 2016ལོར་ལི་ཧྥང་གིས་སྔ་རྗེས་སུ་གཞན་གྱི་ལག་ནས་ཁྱོན་རིན་ཐང་སྒོར་ཁྲི་2.9རི་བའི་གསེར་གྱི་ལག་གདུབ་དང་དངུལ་ཕོར་བླངས་པ་དང་ཁོ་པར་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཡོད་པ་རེད། ལི་ཧྥང་ལ་ཏང་གི་སྐྱིད་སྡུག་ནས་འབུད་པ་དང་གོ་གནས་མེད་པར་བཟོ་བའི་ཆད་པ་བཅད་པ་དང་། ཉེས་གསོག་དང་འབྲེལ་བ་ཡོད་པར་བརྟེན་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་དཔྱད་བྱ་རྒྱུར་རྩིས་སྤྲད་པ་དང་སྒྲིག་ཁྲིམས་ལས་འགལ་ནས་བྱུང་བའི་དངུལ་ཚང་མ་གཞུང་བཞེས་བཏང་བ་རེད།