འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་29ཉིན།

༄༅༎ཟི་ལིང་གི་རི་སྐྱེས་སྲོག་ཆགས་གླིང་གིས་གསའ་མཚེ་མ་བདེ་བླག་ངང་རྒྱུད་སྤེལ་བྱས་པ།

དེ་ནི་རྒྱལ་ནང་གི་ད་ཡོད་མི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་བྱས་པའི་གསའ་2པ་དང་3པ་ཡིན་ལ། གོ་ལ་ཧྲིལ་པོར་ཕྱོགས་ནས་མིང་བསྡུ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་29ཉིན། 11:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
གསའ་མཚེ་མ་བདེ་ཐང་ངང་འཚར་ལོངས་བྱུང་བ།
གསའ་མཚེ་མ་བདེ་ཐང་ངང་འཚར་ལོངས་བྱུང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་27ཉིན་ཟི་ལིང་གི་རི་སྐྱེས་སྲོག་ཆགས་གླིང་གིས་རྒྱུད་སྤེལ་བྱས་ནས་ཟླ་བ་11སོང་བའི་གསའ་མཚེ་མ་དང་ཡུལ་སྐོར་བ་དང་ཐུག་འཕྲད་བྱས་ཤིང་། དེ་ནི་2016ལོར་གསའ་མོ(ཨོ་ཞོད་)བདེ་བླག་ངང་རྒྱུད་སྤེལ་བྱས་རྗེས་ཟི་ལིང་གི་རི་སྐྱེས་སྲོག་ཆགས་གླིང་གིས་སླར་ཡང་རྒྱུད་སྤེལ་བྱས་པའི་གསའ་གཉིས་དེ་ཡིན་པ་དང་། དེ་ནི་རྒྱལ་ནང་གི་ད་ཡོད་ཀྱི་མི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་བྱས་པའི་གསའ་2པ་དང་3པ་ཡིན་པ་རེད།
     རི་སྐྱེས་གསའ་ནི་ས་བབ་མཐོ་ཚད་སྨི་3500ཡན་གྱི་མཐོ་གྲང་ཁུལ་དུ་འཚོ་གནས་བྱེད་ཀྱི་ཡོད་པས། མི་ཐབས་ཀྱིས་གསའ་གསོ་སྐབས་དྲོད་ཚད་དང་བརླན་ཚད་ཀྱི་རེ་བ་ཅུང་ནན་ཙམ་ཡོད་པ་མ་ཟད། རྒྱུན་མཐོང་གི་ནད་རིགས་འགོག་པའི་ནུས་པ་ཞན་ཙམ་ཡོད་པས་གསོ་ཚགས་དང་རྒྱུད་སྤེལ་བྱེད་ཁག་པོ་ཡོད། 1984ལོར་ཟི་ལིང་གི་རི་སྐྱེས་སྲོག་ཆགས་གླིང་གི་སྔ་མ་སྟེ་ཟི་ལིང་གྲོང་ཁྱེར་སྲོག་ཆགས་གླིང་གིས་མི་ཐབས་ལ་བརྟེན་ནས་གསའ་2གསོ་སྤེལ་ཐུབ་ནས་རྒྱལ་ནང་གི་མི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་བྱས་པའི་གསའི་སྟོང་ཆ་བསྐངས་བ་རེད། 2010ལོར་གནས་སྤོས་རྗེས་ཟི་ལིང་གི་རི་སྐྱེས་སྲོག་ཆགས་གླིང་གིས་མ་དངུལ་སྒོར་ཁྲི་བརྒྱ་ལྷག་ཙམ་བཏང་ནས་རྒྱལ་ཡོངས་ཀྱི་གསའ་རྒྱུད་སྤེལ་རྟེན་གཞི་འབའ་ཞིག་དེ་བསྐྲུན་པ་རེད། 
     ད་ཐེངས་གསའ་ཕྲུག་གཉིས་བདེ་བླག་ངང་རྒྱུད་སྤེལ་བྱས་པ་དེས་ཟི་ལིང་གི་རི་སྐྱེས་སྲོག་ཆགས་གླིང་གིས་མི་ཐབས་ལ་བརྟེན་ནས་གསོ་ཚགས་བྱས་པའི་ཉམས་མྱོང་སྔར་བས་བསགས་ཐུབ་རྒྱུ་མ་ཟད། རྗེས་སུ་མི་ཐབས་ལ་བརྟེན་ནས་གསའ་རྒྱུད་སྤེལ་བྱ་རྒྱུར་ལག་རྩལ་གྱི་རྨང་གཞི་བཏིང་ཡོད་པ་དང་། རང་རྒྱལ་གྱི་རི་སྐྱེས་སྲོག་ཆགས་གནས་སྤོས་སྲུང་སྐྱོང་དང་ཐ་ན་གསའ་ཡི་རི་སྐྱེས་ཁྱུ་ཚོགས་སྲུང་སྐྱོང་བྱེད་པའི་ཐད་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད། མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པ་ནི་གནས་སྤོས་སྲུང་སྐྱོང་བྱེད་པའི་ལྟེ་བའི་ལག་རྩལ་གྱི་བྱེད་ཐབས་ཤིག་ཡིན་ལ། མི་ཐབས་ལ་བརྟེན་ནས་གསའ་རྒྱུད་སྤེལ་བྱེད་པའི་ལག་རྩལ་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་པ་དེས་མི་ཐབས་ཀྱིས་གསོ་བའི་གསའི་གྲངས་འབོར་མང་དུ་ཕྱིན་་ནས་སྲུང་སྐྱོང་སློབ་གསོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཐུབ་པ་མ་ཟད། རང་རྒྱལ་གྱིས་གསའ་སྲུང་སྐྱོང་བྱ་རྒྱུར་ཐབས་ལམ་དང་བྱེད་ཐབས་གསར་པ་ཞིག་མང་དུ་བཏང་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། གླིང་ཁུལ་དེས་གོ་ལ་ཧྲིལ་པོར་ཕྱོགས་ནས་གསའ་ཕྲུག་གཉིས་ལ་མིང་བསྡུ་བྱས་པ་དང་། ཟླ་བ་གཅིག་རྗེས་ཀྱི་ཟླ་5ཚེས་27ཉིན་གསའ་ཕྲུག་ལོ་གཅིག་ལ་སླེབས་པའི་སྐྱེས་སྐར་གྱི་སྐབས་སུ་མིང་ཡོངས་བསྒྲགས་བྱ་རྒྱུ་རེད།