འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་17ཉིན།

༄༅༎ཆུ་ཚོད་བཞིའི་ནང་ཀོང་ཏུང་ཀྲུའུ་ཧའེ་ནས་འདབ་པའི་ཉི་སྟེང་དུ་འཕུར་བ།

གངས་ལྗོངས་ས་མཐོ་དང་སྐམ་སའི་དབུས་ཁུལ་གྱི་མཐོ་སྒང་། ཀྲུའུ་ཅང་ཟུར་གསུམ་ཁུལ་གྱི་གྲོང་ཁྱེར་དབར་སླར་ཡང་བར་སྣང་གི་འབྲེལ་ཟམ་ཞིག་བསྣན་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་17ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཆུ་ཚོད་བཞིའི་ནང་ཀོང་ཏུང་ཀྲུའུ་ཧའེ་ནས་འདབ་པའི་ཉི་སྟེང་དུ་འཕུར་བ།
      མི་དམངས་དྲ་བའི་འཕྲིན། ཉི་འོད་དང་མཚོ་རླབས་མཉམ་དུ་གནས་པའི་གསེར་མདོག་གི་ཆུ་འགྲམ་བྱེ་ཐང་ནས་བརྗིད་ལྡན་གངས་རིའི་བར་དུ་མཐོ་ཚད་ག་ཙམ་འཕུར་དགོས་ཤིང་ཐག་ག་ཙམ་རིང་མོ་འགྲོ་དགོས་ཤེ་ན། ས་བབ་མཐོ་ཚད་སྨི་10ཙམ་ནས་ས་བབ་མཐོ་ཚད་སྨི་4411བར་ཆུ་ཚོད་4ཙམ་ལས་དགོས་ཀྱི་མེད། ཚེས་16ཉིན་གྱི་སྔ་དྲོ། ཀྲུའུ་ཧའེ—ཁྲུང་ཆིང—འདབ་པ་བར་གྱི་མཁའ་ལམ་གྱི་ཁྲུང་ཆིང་ནས་འདབ་པ་བར་གྱི་མཁའ་འགྲུལ་དུམ་བུའི་འཕུར་སྐྱོད་ཚོད་ལྟ་ལེགས་འགྲུབ་བྱུང་ཡོད་པ་དང་། མཁའ་ལམ་ཧྲིལ་པོ་2020ལོའི་ཟླ་5པར་དངོས་སུ་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད་པ་རེད། 
     སྔ་དྲོའི་ཆུ་ཚོད་7དང་སྐར་མ་22ཐོག་ཁྲུང་ཆིང་མཁའ་འགྲུལ་ཀུང་སིའི་འཕུར་སྐྱོད་ཚོད་ལྟ་གནམ་གྲུའི་ཚོགས་ཆུང་གིས་ཁ་ལོ་སྒྱུར་བའི་A319རྟགས་ཅན་གྱི་གནམ་གྲུ་དེ་ཁྲུང་ཆིང་ཅང་པེ་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་ཆུ་ཚོད་8དང་སྐར་མ་44ཐོག་འདབ་པ་ཉི་སྟེང་གནམ་ཐང་དུ་བདེ་བླག་ངང་འབྱོར་བ་རེད། གནམ་གྲུ་ཚོགས་ཆུང་གིས་འདབ་པ་ཉི་སྟེང་གནམ་ཐང་གི་བཀོད་གཏོང་དང་གཞོགས་འདེགས་འོག་རྐྱང་འཕུར་དང་། བསྐྱར་འཕུར། ཉེ་སར་སྐྱོད་པ། ཐང་ནས་ཁ་བྲལ་བ་སོགས་ཀྱི་ལད་ཟློས་སློབ་ཚན་གྱི་ཚོད་ལྟ་སྔ་རྗེས་སུ་ལེགས་འགྲུབ་བྱུང་ཞིང་ལེགས་འགྲུབ་བྱུང་ཚད་ཡག་པོ་ཡོད་པས་འཕུར་སྐྱོད་ཀྱི་ཚོད་ལྟ་ལེགས་འགྲུབ་བྱུང་ཡོད་པ་རེད། 
     ཀྲུའུ་ཧའེ་ཅིན་དབན་གནམ་ཐང་ནི་ཀྲུའུ་ཧའེ་ནུབ་ཁུལ་སན་ཙའོ་གླིང་ཕྲན་གྱི་ལྷོ་ནུབ་ཏུ་གནས་པ་དང་། བྱང་ཕྱོགས་ནི་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་གི་ལྟེ་བ་ཡིན་པ་དང་ཕྱོགས་གསུམ་རྒྱ་མཚོས་བསྐོར་ཡོད། ཀྲུའུ་ཧའེ—ཁྲུང་ཆིང—འདབ་པ་བར་གྱི་མཁའ་ལམ་ཤར་གཏོང་གི་དུས་འགོའི་གྲ་སྒྲིག་ལས་དོན་སྤེལ་ནས་ལོ་གཉིས་ཙམ་སོང་ཞིང་། ཀོང་ཏུང་ཞིང་ཆེན་གྱིས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་གལ་ཆེན་བདེ་བླག་ངང་ལག་བསྟར་བྱས་པའི་རྣམ་པ་བཟང་པོའི་འོག་མཁའ་ལམ་ཤར་གཏོང་ཐུབ་པའི་གྲ་སྒྲིག་ལས་དོན་ལ་ཀྲུའུ་ཧའེ་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། དཀར་མཛེས་ཁུལ་ཨུད་དང་ཁུལ་སྲིད་གཞུང་། དེ་བཞིན་དམངས་སྤྱོད་མཁའ་འགྲུལ་ས་ཁུལ་དོ་དམ་ཅུས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། སི་ཁྲོན་དར་རྩེ་མདོ་གནམ་ཐང་ཚོགས་པ་ཀུང་སིས་དམངས་སྤྱོད་མཁའ་འགྲུལ་གྱི་འབྲེལ་ཡོད་ཚན་པ་དང་མཁའ་འགྲུལ་ཀུང་སི་དང་མཐུན་སྦྱོར་ཐེངས་མང་བྱས་ནས་མཁའ་ལམ་གྱི་དུས་གཏན་གནམ་གྲུའི་དུས་ཚོད་བརྩོན་ལེན་ཧུར་ཐག་བྱས་ཤིང་།  ཕྱོགས་མང་པོའི་འབད་བརྩོན་བརྒྱུད་མཁའ་ལམ་གཏོད་པའི་གྲ་སྒྲིག་ལས་དོན་འགྲུབ་ཟིན་པ་རེད། 
     གླེང་རིན་ཡོད་པ་ཞིག་ནི་མཁའ་ལམ་དེའི་ལམ་ཐག་སྤྱི་ལེ་2550ཟིན་པ་དང་། གནམ་གྲུ་འཕུར་སའི་གནམ་ཐང་དང་འབབ་སའི་གནམ་ཐང་དབར་གྱི་ས་བབ་ཧེ་བག་སྨི་4400ཙམ་ཟིན་གྱི་ཡོད། འཁོར་སྐྱོད་ཀྱི་ཐོབ་ཐང་ཐོབ་རྗེས་སྔོན་དཔག་བྱས་ན་ཁྲུང་ཆིང་མཁའ་འགྲུལ་གྱིས་ཟླ་5པའི་ཟླ་སྨད་དུ་ཀྲུའུ་ཧའེ—ཁྲུང་ཆིང—འདབ་པ་བར་གྱི་རྐྱང་འཕུར་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་རྒྱུ་ཡིན་ལ། དཀར་མཛེས་དང་སྐམ་སའི་དབུས་ཁུལ་གྱི་མཐོ་སྒང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་གྲོང་ཁྱེར་དབར་སྟབས་བདེའི་མཁའ་ལམ་བསྐྲུན་ནས་ས་ཁུལ་དབར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་རེད།