འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅།།ཨན་ཧུའེ་ཡིས་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ངལ་རྩོལ་ནུས་ཤུགས་དབུལ་པོ་སྔོན་ལ་
བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཧོ་ཧྥེ་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཨན་ཧུའེ་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་དུས་ཐིང་དེས་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ《ཨན་ཧུའེ་ཞིང་ཆེན་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དོ་དམ་བྱེད་ཐབས》བཟོས་ནས་གྲོང་གསེབ་ཀྱི་གད་པ་དང་། བདེ་འཇགས་བཅོས་སྐྱོང་། ལམ་སྐྱོང་སོགས་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་རིགས་ཀྱི་ལས་གནས་གསར་སྤེལ་བྱས་ནས་ཆ་རྐྱེན་དང་མཐུན་པའི་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་ནུས་ཤུགས་དབུལ་པོར་སྔོན་ལ་ལས་གནས་བཀོད་སྒྲིག་བྱས་ཏེ་ལས་གནས་ཐོག་བསྐྱོད་ཚད་མང་དུ་གཏོང་དགོས་ཞེས་བཏོན་ཡོད།
    གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དོ་དམ་ཐད། ཨན་ཧུའེ་ཞིང་ཆེན་གྱིས་ད་ཐེངས་ཀྱི་གཏན་འབེབས་ནང་། སྤྱི་ཕན་རང་བཞིན་གྱི་ལས་གནས་སྲིད་ཇུས་ཀྱི་སྤྱིའི་བླང་བྱར་སྲུང་བརྩི་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་འོག་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་སོགས་ཐབས་ཇུས་བཀོད་སྒྲིལ་གལ་ཆེན་དང་ཟུང་འབྲེལ་བྱེད་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་དགོས་མཁོ་དངོས་ལ་སྤྱི་འདོམས་བསམ་གཞིག་བྱེད་པ། “དགོས་མཁོར་གཞིགས་ནས་ལས་གནས་བཀོད་སྒྲིག་དང་། ལས་གནས་ལ་གཞིགས་ནས་མི་སྣ་བཀོད་སྒྲིག ལས་གནས་དང་དགོས་མཁོར་བསྟུན་ནས་འདེམས་པ”བཅས་ཀྱི་རྩ་དོན་ལ་གཞིགས་པ་བཅས་བྱས་ཏེ། གྲོང་གསེབ་ཀྱི་གད་པ་དང་། བདེ་འཇགས་བཅོས་སྐྱོང་། ལམ་སྐྱོང་། ཆུ་དོ་དམ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར། རྒན་གསོ་བསྙེན་བཀུར། ནགས་ཁུལ་དོ་དམ། སྤྱི་པའི་འཕྲོད་བསྟེན། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་སོགས་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་རིགས་ཀྱི་ལས་གནས་གསར་སྤེལ་བྱས་ནས། “ཕ་ཡུལ་ནས་ཕྱིར་སྐྱོད་ཐབས་བྲལ་བ་དང་། འཚོ་རྟེན་གྱི་ལས་ཀ་མེད་པ། དབུལ་སྒྲོལ་གྱི་ནུས་པ་མེད་པ”བཅས་ཡིན་པ་དང་ལས་ཀའི་འཇོན་ཐང་ལྡན་པའི་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་ནུས་ཤུགས་དབུལ་པོ་སྔོན་ལ་བཀོད་སྒྲིག་བྱེད་དགོས་ཞེས་བཏོན་ཡོད།
    དེ་དང་ཆབས་ཅིག་ཨན་ཧུའེ་ཞིང་ཆེན་གྱི་ས་གནས་ཁག་གིས་ལས་གནས་གསར་སྤེལ་དང་ལས་མི་བསྡུ་བའི་གོ་རིམ་ཁ་གསལ་བཟོ་དགོས་པ་དང་། མི་སྤྱོད་ཚན་པས་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་མི་སྣ་དང་ངལ་རྩོལ་གན་རྒྱ་དང་ངལ་ནུས་གྲོས་མཐུན་བཞག་ནས། ལས་གནས་ཀྱི་ངོ་བོ་དང་། ལས་གནས་ཀྱི་བླང་བྱ། ལས་ཀའི་དུས་ཡུན། ཁ་གསབ་ཚད་གཞི་སོགས་ཁ་གསལ་བཟོ་དགོས་པ། ལས་མིར་ལས་རྨས་ཀྱི་ཚོང་ལས་འགན་བཅོལ་ཉོ་དགོས་པ། བཞག་པའི་ངལ་རྩོལ་གན་རྒྱའམ་ངལ་ནུས་གྲོས་མཐུན་དུས་ཡུན་རིང་ཤོས་ལོ་གཅིག་ལས་བརྒལ་མི་ཆོག་པ་དང་། ངལ་རྩོལ་གྱི་དུས་ཚོད་དང་ངལ་རྩོལ་དཀའ་ཚེགས་ཆེ་ཆུང་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་ལས་གནས་ཀྱི་ཁ་གསབ་ཚད་གཞི་ལུགས་མཐུན་གཏན་འཁེལ་བྱེད་དགོས་པ། “སུས་མི་སྤྱད་ན་དེས་དོ་དམ་བྱེད་པའི”རྩ་དོན་ལ་གཞིགས་ནས་གྲོང་ཚོ(ཨུ་ལྷན་གཉིས)ཀྱིས་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་མིར་དོ་དམ་བྱ་རྒྱུར་མཛུབ་ཁྲིད་བྱས་ནས“ངོ་བོ་འགྱུར་བའི་དངུལ་སྤྲོད་པ”དང་ཕན་བདེ་ཅན་གྱི་འཕེལ་ཕྱོགས་ཐོན་རྒྱུ་གཏན་འགོག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
    གཞན་ཡང་ཨན་ཧུའེ་ཞིང་ཆེན་གྱིས་ད་དུང་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དོ་དམ་ལས་དོན་སྤྱི་འདོམས་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་སྲིད་ཇུས་བཏོན་ནས་དོན་འཁྱོལ་བྱ་རྒྱུའི་འགན་འཁུར་དགོས་པ་དང་། གྲོང་གསེབ་གཞན་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དོ་དམ་སྡེ་ཚན་དབར་འཕྲེད་ཕྱོགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། རྫོང་རིམ་པ་དང་དེ་མན་གྱི་མི་དམངས་སྲིད་གཞུང་གིས་རིགས་ཁག་གི་མ་དངུལ་སྤྱི་འདོམས་བྱས་ནས་གསར་སྤེལ་བྱས་པའི་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ཡིག་ཚགས་དང་གཱ་བཟོས་པའི་ངལ་རྩོལ་ནུས་ཤུགས་དབུལ་པོ་སྔོན་ལ་བཀོད་སྒྲིག་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་བཏོན་ཡོད།