འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་9ཉིན།

༄༅༎མཚོ་སྔོན་ཞིང་ཆེན་དུ“རྩྭ་དཔོན་ལམ་ལུགས”ཁྱབ་གདལ་ཚོད་ལྟ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་09ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། རྩྭ་ཐང་སྲུང་སྐྱོང་དང་། དོ་དམ། ཉམས་གསོ་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རྩྭ་སའི་སྣོད་བཅུད་བདེ་འཇགས་དོ་དམ་ལམ་ལུགས་གསར་གཏོད་བྱེད་པ། གཏོགས་ཁོངས་ཀྱི་འགན་འཁྲི་སྒྲུབ་པ་བཅས་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ“རྩྭ་དཔོན་ལམ་ལུགས”ལ་སྐུལ་འདེད་གཏོང་བའི་ཚོད་ལྟ་བྱས་པ་རེད། མིག་སྔར“རྩྭ་དཔོན་ལམ་ལུགས”མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བཙུགས་ཟིན་པ་མ་ཟད་ཚོད་ལྟ་བྱེད་འགོ་ཚུགས་ཟིན། ད་ལོ་ཞིང་ཆེན་ཡོངས་སུ་ཁྱབ་གདལ་བཏང་ནས་རྩྭ་སའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་འཕེལ་རྒྱས་གཏོང་སྟངས་ཆ་ཚང་ཞིག་དང་རྩྭ་ཐང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་ཤོས་ཤིག་ཆགས་རྒྱུ་རེད། 
     མཚོ་སྔོན་ཞིང་ཆེན་གྱི་རྩྭ་སའི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་60.47%བཟུང་བ་དང་། རྒྱལ་ཡོངས་ཀྱི་རྩྭ་སའི་སྤྱིའི་རྒྱ་ཁྱོན་གྱི་10.72%བཟུང་ཡོད། དེ་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་། ནང་སོག་རང་སྐྱོང་ལྗོངས། བོད་རང་སྐྱོང་ལྗོངས་བཅས་ཕུད་པའི་རྒྱལ་ཡོངས་ཀྱི་ཨང་བཞི་པར་སླེབས་ཡོད། དེ་ནི་རྩྭ་ཐང་འབྲོག་ལས་ཁུལ་གལ་ཆེན་གྱི་གྲས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “རྩྭ་དཔོན་ལམ་ལུགས”ནི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོས“རྩྭ་དཔོན”གྱི་འགན་འཁུར་ནས་དེ་མཚུངས་ཀྱི་རྩྭ་ཐང་གི་དོ་དམ་དང་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་དགོས་པ་རེད། ཚོད་ལྟ་བྱས་པ་ནས་བཟུང་མགོ་ལོག་ཁུལ་གྱིས་ཁུལ་དང་། རྫོང་། ཤང་། གྲོང་ཚོ། ཧྲེ་བཅས་རིམ་པ་ལྔ་ལྡན་པའི“རྩྭ་དཔོན་ལམ་ལུགས”ཀྱི་དོ་དམ་མ་ལག་དང་སྡེ་ཚན་གྱི་མཉམ་ལས་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་པ་དང་། “རྩྭ་དཔོན་ལམ་ལུགས”ཀྱི་མཛུབ་ཁྲིད་བསམ་འཆར་དང་ལག་བསྟར་ཇུས་གཞི་བཏོན་པ། འགན་འཁྲིའི་ཡུག་ཁུལ་དབྱེ་བ། འགན་ཁུར་བ་དོན་འཁྱོལ་བྱས་པ། འགན་འཁྲི་ཁ་གསལ་དང་། ལས་བགོས་གོ་རིམ་ལྡན་པ། ལྟ་སྐུལ་དོ་དམ་ནན་པ། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་རྩྭ་སའི་སྣོད་བཅུད་སྲུང་སྐྱོང་འཕེལ་རྒྱས་ཀྱི་ལམ་སྲོལ་བཙུགས་པ་བཅས་བྱས་ནས་སྲུང་སྐྱོང་དང་། དོ་དམ། ཉམས་གསོ་བཅས“ཕྱོགས་གསུམ་གཞི་གཅིག”གི་རྩྭ་སའི་ཐོན་ཁུངས་དོ་དམ་སྒྲིག་སྲོལ་ཆགས་པ་དང“རྩྭ་དཔོན་ལམ་ལུགས”ཀྱི་ལས་ཀའི་དཔྱད་ཞིབ་གདེང་འཇོག་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རིམ་ཁག་གི་དཔྱད་ཞིབ་དམིགས་ཚད་དབྱེ་འབྱེད་ཁ་གསལ་བཟོས་ཡོད། 
     ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་མཚོ་སྔོན་ཞིང་ཆེན་ཡོངས་སུ་“རྩྭ་དཔོན་ལམ་ལུགས”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྩྭ་ཐང་དོ་དམ་སྲུང་སྐྱོང་དྲ་མིག་ཅན་དང་དོ་དམ་སྲུང་སྐྱོང་དཔུང་ཁག་སྒྲིག་འཛུགས་ཅན་གྱི་ལམ་ལུགས་བཙུགས་ནས་རྩྭ་ར་འགན་གཙང་སྤྲད་དེ་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་དང་། ཉམས་གསོ། བེད་སྤྱོད་སོགས་ཀྱི་བྱེད་སྒོ་དོ་དམ་སྲུང་སྐྱོང་མ་ལག་ནང་བཅུག་སྟེ་ས་ཁོངས་ཡོངས་སུ་ཁྱབ་པ་བྱ་རྒྱུ་དང་། ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། རྩྭ་ཕྱུགས་མཉམ་འགུལ་ཐུབ་པ། རྩྭ་ཐང་སྣོད་བཅུད་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་བྱེད་པ། རྩྭ་ཐང་སྣོད་བཅུད་མ་ལག་གི་ཆ་ཚང་རང་བཞིན་དང་ཕན་ནུས་རང་བཞིན་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།