འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་8ཉིན།

༄༅༎ལུས་རྩལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་ཞི་བདེའི་རྒྱལ་སྤྱིའི་ཉིན་མོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་
ལོགས་སུ་འཇོག་རིང་ལུས་སྦྱོང་ཧུར་ཐག་བྱ་རྒྱུའི་སྐུལ་ལྕག་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་08ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ལུས་རྩལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་ཞི་བདེའི་རྒྱལ་སྤྱིའི་ཉིན་མོ(ཟླ་4ཚེས་6ཉིན)ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་ཚང་མས་ལོགས་སུ་འཇོག་རིང་ལུས་སྦྱོང་ཧུར་ཐག་བྱས་ནས་བདེ་ཐང་རྒྱུན་འཁྱོངས་ཐུབ་པ་བྱས་ཏེ། མཐུན་སྒྲིལ་གྱི་སྙིང་སྟོབས་མངོན་པར་བྱེད་དགོས་པའི་རེ་བ་བཏོན་པ་དང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཧེ་ཡིས་ཀྱང་མི་ཚོར་ལུས་རྩལ་སྦྱོང་བར་བརྟེན་ནས་གསོན་ཤུགས་དང་། བློ་རྩ་བརྟན་པོ། བདེ་ཐང་བཅས་རྒྱུན་འཁྱོངས་བྱས་ཏེ་རིམས་ནད་ཡལ་རྗེས་མིའི་རིགས་ཡོངས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སུ་ལྷན་འཛོམས་ཆེ་མོ་ཡོང་རྒྱུ་ཐུན་མོང་ཐོག་བསུ་རྒྱུའི་འབོད་སྐུལ་བྱས་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཞུང་ཕྱོགས་དྲ་བའི་ཐོག་2020ལོའི་ལུས་རྩལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་ཞི་བདེའི་རྒྱལ་སྤྱིའི་ཉིན་མོར་མི་རྣམས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ལུང་སྦྱོང་ཧུར་ཐག་དང་། མཐུན་སྒྲིལ་དང་སྡེ་ཁུལ་དང་དཔུང་ཁག་གི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་མ་ཟད། ཏོག་གསར་གློ་ཚད་ནད་དུག་ལ་ངོས་འཛིན་ཟབ་ཏུ་གཏོང་དགོས་ཞེས་བརྗོད་ཡོད།
     “ལུས་རྩལ་ལ་འཛམ་གླིང་འགྱུར་ལྡོག་གཏོང་བའི་སྟོབས་ཤུགས་ལྡན་ཡོད། ང་ཚོའི་ཐུན་མོང་མ་ཡིན་པའི་མི་སྒེར་གྱི་རྩལ་ནུས་དང་མཉམ་སྡེབ་ཀྱི་སྟོབས་ཤུགས་བརྒྱུད། ཕྱར་བ་གྲུ་འདེགས་ཀྱིས་གསར་གཏོད་བྱེད་ཐབས་མཉམ་སྤྱོད་བྱས་ཏེ། ཁྱིམ་དུ་ལུས་པའི་མི་རྣམས་ཀྱིས་ཀྱང་ལུས་སྦྱོང་ལ་བརྟེན་ནས་བདེ་ཐང་ཡོང་བ་དང་བདེ་རྩ་འཕེལ་བར་བྱེད་དགོས”ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཞུང་ཕྱོགས་དྲ་བའི་ཐོག་བརྗོད་ཡོད་པ་རེད།
     རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་རྒྱལ་སྤྱིའི་ལུས་རྩལ་ལས་རིགས་གཞི་རྩའི་ཆ་ནས་མཚམས་འཇོག་བྱེད་དགོས་བྱུང་བ་དང་། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱང་སང་ལོའི་ཟླ་7ཚེས་23ཉིན་བར་ནར་འགྱངས་བྱས་ཡོད། པ་ཧེ་ཡིས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ནི་མིའི་རིགས་ཡོངས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་རྗེས་ཀྱི་ལྷན་འཛོམས་ཆེ་མོ་ཞིག་ཡིན་ཞེས་བརྗོད་པ་དང་ཆབས་ཅིག ཁོང་གིས་ཀྱང་ལུས་རྩལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་ཞི་བདེའི་རྒྱལ་སྤྱིའི་ཉིན་མོའང་མི་ཚོས་བདེ་ཐང་དང་གསོན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་ཨོ་རྩལ་འགྲན་ཚོགས་རེ་སྒུག་བྱེད་པའི་རྒྱུ་རྐྱེན་ཡིན་ཞེས་བརྗོད་པ་རེད།
     “ང་ཚོར་ལུས་སྦྱོང་ཧུར་ཐག་བྱེད་དགོས་པའི་རྒྱུ་མཚན་དེ་བས་མང་བ་ཡོད་ལ་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ལ་རེ་སྒུག་བྱེད་པའི་རྒྱུ་མཚན་ཡང་དེ་བས་མང་བ་ཡོད”ཅེས་པ་ཧེ་ཡིས་བརྗོད་པ་དང་། ཁོང་གིས“གལ་ཏེ། ཁྱེད་ཀྱིས་གསོན་ཤུགས་དང་། བློ་རྩ་བརྟན་པོ། བདེ་ཐང་བཅས་རྒྱུན་འཁྱོངས་བྱས་ཚེ། ང་ཚོས(ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཐོག)མིའི་རིགས་ཡོངས་ཀྱིས་རླབས་ཆེན་གྱི་ངར་ཤུགས་དང་མཐུན་སྒྲིལ་ལ་མཉམ་དུ་རྟེན་འབྲེལ་ཞུ་ཆོག ང་ཚོའི་དམག་འཐབ་ཁྲོད་ཞུགས་ཤིག”ཅེས་བརྗོད་པ་རེད།
     2013ལོའི་ཟླ་8ཚེས་23ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་67པའི་ཚོགས་འདུའི་ཐོག་ཟླ་4ཚེས་6ཉིན་ནི་ལུས་རྩལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་ཞི་བདེའི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས་པ་རེད།