འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་2ཉིན།

༄༅༎རི་སྐྱེས་སྲོག་ཆགས་རྩ་ཆེན་རྔོན་འཚོང་དོགས་ཅན་5ལ་ཞིབ་དཔྱོད་ལས་ཁུངས་ཀྱིས་གཞུང་གཏུག་བྱས་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་02ཉིན། 11:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཞིབ་དཔྱོད་ཁང་གིས་འཆི་ཆེ་གེ་མོ་སོགས་མི་ལྔས་རྩ་མེད་དུ་འགྲོ་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཁྲིམས་འགལ་ངང་རྔོན་འཛིན་པའི་ཉེས་པ་དང་། རྩ་མེད་དུ་འགྲོ་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་བཟོས་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་། སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱེད་པའི་ཉེས་པ་བསགས་པའི་དོགས་པ་ཡོད་པར་དམིགས་ནས་ཁྲིམས་ལྟར་ཉེས་དོན་ཞོར་གཏོགས་དམངས་དོན་སྤྱི་ཕན་གཏུག་བཤེར་བྱས་པ་རེད། 
     2019ལོའི་ཟླ་དང་པོའི་ཟླ་དཀྱིལ་དུ་འཆི་ཆེ་གེ་མོ་དང་བསོད་ཆེ་གེ་མོས་ཁེ་ཕན་དོན་གཉེར་བྱ་ཆེད་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཁོངས་སུ་ལྕགས་འགུགས་བཞག་ནས་རི་སྐྱེས་སྲོག་ཆགས་འཛིན་ཐབས་བྱས་པ་རེད། 2019ལོའི་ཟླ་1ཚེས་22ཉིན་འཆི་ཆེ་གེ་མོས་ལྕགས་འགུགས་ལ་ལྟ་ཞིབ་བྱེད་སྐབས་གླ་བ་ཞིག་བསད་ཡོད་པ་མཐོང་ཡང་གླ་རྩི་དང་ལྕགས་འགུགས་གཞན་གྱིས་འཁྱེར་ཟིན་འདུག དེ་ནས་ཉེ་འགྲམ་གྱི་ཕྱུགས་འཚོ་ས་ནས་གླ་རྩི་དང་ལྕགས་འགུགས་བླངས་མཁན་དབང་ཆེ་གེ་མོ་དང་མིག་ཆེ་གེ་མོ་སོགས་དང་འཕྲད་པ་རེད། དེ་རྗེས་གྲོས་མོལ་བྱས་ཏེ་འཆི་ཆེ་གེ་མོ་དང་། བསོད་ཆེ་གེ་མོ། དབང་ཆེ་གེ་མོ། མིག་ཆེ་གེ་མོ་བཅས་མི་བཞི་པོས་གླ་རྩི་འཚོང་བའི་ཐོབ་ཆ་ཆ་སྙོམས་སུ་བགོ་བའི་གྲོས་མཐུན་བཞག་པ་རེད། རི་འགོ་ནས་བབས་རྗེས་འཆི་ཆེ་གེ་མོས་གླ་རྩི་ཉོ་མཁན་ངག་ཆེ་གེ་མོར་བཙོངས་ནས་ཁྲིམས་འགལ་ངང་ཁེ་བཟང་མི་དམངས་ཤོག་སྒོར་3800ཐོབ་པ་དང་། མི་4ལ་མི་རེར་སྒོར་950རེ་ཐོབ། གསལ་འབྱེད་བྱས་པ་བརྒྱུད། འཆི་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་རྔོན་བརྒྱབ་པའི་གླ་བ་ནི《རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་གཞུང》ནང་གི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པ་རེད། 
     “ཉོ་ཚོང་མེད་ན་དམར་གསོད་མེད། གལ་ཏེ་ཁྲིམས་འགལ་ངང་རྩ་མེད་དུ་འགྲོ་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་རྔོན་པ་དང་ཉོ་འཚོང་བྱེད་པའི་བྱ་སྤྱོད་དེ་རིགས་ལ་བཅའ་ཁྲིམས་ཀྱི་ཐོག་ནས་ཆད་པ་ནན་པོ་མ་བཅད་ན། རི་སྐྱེས་སྲོག་ཆགས་འཚོ་གནས་བྱེད་པར་ཉེན་ཁ་ཚབས་ཆེན་བཟོ་བ་མ་ཟད། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྐྱེ་ཁམས་དོ་མཉམ་ཡོང་བར་གཏོར་བཤིག་གཏོང་སྲིད་པས། མཐར་མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་སྡུག་ཏུ་གྱུར་ནས་མིའི་རིགས་རང་ཉིད་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་སྲིད”ཅེས་གྱོད་གཞི་དེ་སྒྲུབ་འགན་འཁུར་བའི་ཞིབ་དཔྱོད་དཔོན་གྱིས་བཤད། 
     གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་འཆི་ཆེ་གེ་མོ་དང་བསོད་ཆེ་གེ་མོས་རྩ་མེད་དུ་འགྲོ་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཁྲིམས་འགལ་ངང་རྔོན་པའི་བྱ་སྤྱོད་དང་དེ་བཞིན་འཆི་ཆེ་གེ་མོ། བསོད་ཆེ་གེ་མོ། དབང་ཆེ་གེ་མོ། མིག་ཆེ་གེ་མོ། ངག་ཆེ་གེ་མོས་རྩ་མེད་དུ་འགྲོ་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་བཟོས་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་དྲུག་པ་དང་དོན་ཚན་ཉེར་བཞི་པའི་གཏན་འབེབས་ལས་འགལ་ནས་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གནོད་སྐྱོན་གཏོང་བ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་ངོས་འཛིན་བྱས་པ་རེད། ཉེ་ཆར་ཞིབ་དཔྱོད་ཁང་དེས་མི་5ལ་ཉེས་དོན་གྱི་ཞོར་གཏོགས་དམངས་དོན་སྤྱི་ཕན་གཏུག་བཤེར་བྱས་ཏེ་ཁྲིམས་ཁང་གིས་འཆི་ཆེ་གེ་མོ་སོགས་ཞུ་སྦྱོར་ཕྱི་མ་ལྔ་ལ་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་གྱི་དཔལ་འབྱོར་གྱོང་གུན་བཟོས་པར་སྐྱིན་ཚབ་སྤྲོད་དུ་བཅུག་པ་དང་དེ་བཞིན་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཡོངས་བསྒྲགས་སུ་དགོངས་དག་ཐུགས་བདེན་ཞུ་རྒྱུའི་རེ་བ་བཏོན་པ་རེད། མིག་སྔར་གྱོད་གཞི་དེ་རིམ་གྱིས་སྒྲུབ་བཞིན་ཡོད།