འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་31ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིས་བརྗོད་དོན། ས་གནས་དེ་གའི་
རིམས་ནད་ཁྱབ་མཆེད་གཞི་རྩའི་ཐོག་འགོག་གཅོད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་31ཉིན། 08:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་28ཉིན་གྱི་ཆུ་ཚོད་24བར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ལ་ད་ཡོད་གཏན་འཁེལ་བའི་ནད་དཔེ་2691ཡོད་པ་དེའི་ནང་ཚབས་ཆེའི་ནད་དཔེ་742ཡོད་པ་དང་། རིམ་རྩིས་བྱས་ན་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་ནད་དཔེ་75448 རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་3300 རིམ་རྩིས་བྱས་ན་སྙན་ཞུའི་ནང་གཏན་འཁེལ་བའི་ནད་དཔེ་81439 ད་ཡོད་དོགས་ཡོད་ནད་དཔེ་174བཅས་ཡོད་པ་རེད། ཟླ་3ཚེས་28ཉིན། ད་ཡོད་གཏན་འཁེལ་བའི་ནད་དཔེ་3000བར་ཆག་ནས་ས་ཆ་འདི་རང་གི་རིམས་ནད་ཁྱབ་མཆེད་གཞི་རྩའི་ཐོག་འགོག་གཅོད་ཐུབ་ཡོད་པ་རེད། རིམ་རྩིས་སྙན་ཞུའི་ནང་ཕྱི་ནས་མཆེད་པའི་གཏན་འཁེལ་བའི་ནད་དཔེ་693ཡོད་པ་དེ་རྒྱལ་ཁབ་42ནས་ཡོང་བ་དང་། དེའི་ནང་གྲངས་འབོར་ཅུང་མང་བའི་རྒྱལ་ཁབ་7གྱིས་བསྡོམས་འབོར་གྱི་83.4%བཟུང་ཡོད་པས། རེས་སྐོར་གསར་པའི་རིམས་ནད་ཁྱབ་མཆེད་འགྲོ་བའི་ཉེན་ཁ་ཅུང་ཆེ་ཙམ་ཡོད་པ་རེད། མིག་སྔར། མུ་མཐུད་ས་ཆ་འདི་རང་གི་ནད་དཔེ་རེ་རེ་གཉིས་གཉིས་ཐོན་པ་དང་ཕྱི་ནས་མཆེད་པའི་ནད་དཔེ་ཁྱབ་མཆེད་ཀྱི་ཉེན་ཁ་གཉིས་ཀར་དོགས་ཟོན་བྱས་ཏེ། དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་། གང་མགྱོགས་ཐག་གཅོད། གནད་སྨིན་སྔོན་འགོག་ཚོད་འཛིན་བཅས་བྱེད་དགོས།
     ཚེས་29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་སྒྲིག་གཞིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་ནུས་པ་མཐོ་རུ་བཏང་ནས་མཁོ་སྤྲོད་སྦྲེལ་ཐག་བརྟན་དུ་གཏོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་འཕེལ་རྒྱས་འཆར་གཞི་སིའི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཀྲང་ཆིང་གིས། རིམས་ནད་ཀྱི་རྡབ་རྡེག་འོག་རང་རྒྱལ་གྱི་རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་ལ་འགྲན་སློང་ཛ་དྲག་པོ་འཕྲད་པ་དང་། རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་ཟོག་འདྲེན་གནམ་གྲུ་བེད་སྤྱོད་གཏོང་ཚད་མཐོ་རུ་ཕྱིན་པ། དེ་བཞིན་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་སྲིད་ཇུས་དང་བྱེད་ཐབས་གཅིག་མཇུག་གཉིས་མཐུད་ངང་བཏོན་པ་བཅས་དང་བསྟུན་ནས་རང་རྒྱལ་གྱི་རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་ནུས་པ་ཁ་ཐང་བའི་གནས་ཚུལ་ཞི་ལྷོད་དུ་ཕྱིན་ཡོད། མིག་སྔར། ཀྲུང་ཕྱིའི་མཁའ་འགྲུལ་ཀུང་སིའི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་གནམ་གྲུ་གཟའ་འཁོར་རེར་ཐེངས་930བར་མང་དུ་བཏང་ནས་རིམས་ནད་གོང་གི་ཆུ་ཚད་མཚམས་སུ་སླེབས་ཡོད་ཅེས་བརྗོད་པ་རེད།
     རང་རྒྱལ་གྱི་རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་ནུས་པ་ཆེ་རུ་བཏང་ནས་རིམས་ནད་ཐོན་རིང་དུ་རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བའི་འགན་ལེན་བྱ་ཆེད། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་གཅིག་ནས་མཁའ་འགྲུལ་གྱི་ཟོག་འདྲེན་སྒུལ་ཤུགས་མཁོ་སྤྲོད་མང་དུ་ཤུགས་ཆེན་གཏོང་བ་དང་། གནམ་ཐང་ཆེ་གྲས་མང་པོ་ཞིག་གི་འགྲུལ་པ་མང་བའི་དུས་ཚོད་དང་གཡོལ་ནས་ཟོག་འདྲེན་གནམ་གྲུར་བེད་སྤྱོད་བྱེད་པར་སྤྲད་དེ། ཟོག་འདྲེན་དུས་གཏན་གནམ་གྲུའི་འཆར་གཞིར་ཞིབ་མཆན་འགོད་པའི“ཐོགས་མེད་བགྲོད་ལམ”གཏོད་པ་དང་། གཉིས་ནས་རང་འགུལ་ངང་ཕྱི་ཕྱོགས་ཉོ་ཚོང་གི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པར་སྐུལ་ལྕག་བཏང་སྟེ་མཁའ་འགྲུལ་ཀུང་སི་དང་ཕྱི་རྒྱལ་གྱི་མ་དངུལ་དང་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་དབར་སྤེལ་རེས་འབྲེལ་གཏུག་ལམ་སྲོལ་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས་དུས་ཐོག་ཏུ་ཟོག་འདྲེན་ལས་དུས་འཕར་མའི་གཙང་གླས་གནམ་གྲུ་བཀོད་སྒྲིག་བྱེད་པ། གསུམ་ནས་མཁའ་འགྲུལ་གྱི་ཟོག་འགྲེམས་མ་གནས་རྒྱུན་མཐུད་ནས་དམའ་རུ་བཏང་སྟེ་ཕྱོགས་ལྔའི་བྱེད་ཐབས་ཁག་16བཏོན་སྟེ། དམངས་སྤྱོད་མཁའ་འགྲུལ་གྱི་འཕེལ་རྒྱས་ཐེབས་རྩ་རྩ་ཆག་བཏང་བ་དང་། གནམ་ཐང་གི་གྲོན་དངུལ་དང་། མཁའ་འགྲུལ་དོ་དམ་གྲོན་དངུལ། མཁའ་འགྲུལ་ས་སྣུམ་གྱི་ཉོ་ཚོང་ཧེ་བག་རིན་གོང་བཅས་དམའ་རུ་གཏོང་བ་སོགས་བྱས་ནས་གྲོན་དངུལ་བཅག་སྟེ་ཁུར་པོ་ཡང་དུ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བ། བཞི་ནས་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་སྐྱེལ་འདྲེན་གྱི་དགོས་མཁོར་དུས་ཐོག་ཏུ་གཙོ་གནད་སྐྱེལ་འདྲེན་ལས་འགན་སྒྲུབ་འགོ་བཙུགས་ཏེ་མཁོ་སྤྲོད་སྦྲེལ་ཐག་ཆད་པའི་ཉེན་ཁར་དོགས་ཟོན་བྱེད་པ་བཅས་བྱས་པ་རེད། ཟླ་3ཚེས་26ཉིན་བར། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གྱིས་རིམས་འགོག་དངོས་ཟོག་གི་རྒྱལ་སྤྱིའི་སྐྱེལ་འདྲེན་ལས་འགན་གལ་ཆེན་སྒྲུབ་པར་ཁྱོན་གནམ་གྲུ་ཐེངས་23བཏང་སྟེ། རིམ་རྩིས་བྱས་ན་དངོས་ཟོག་ཏུན་406ལྷག་ཙམ་སྐྱེལ་འདྲེན་བྱས་ཏེ་གོ་ལ་ཧྲིལ་པོའི་རིམས་འགོག་དངོས་ཟོག་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་རེད།
     རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་སིའི་རིམ་པ་དང་པོའི་སྐོར་ཞིབ་པ་རེན་ཧོང་གིས། རང་རྒྱལ་ལ་མིག་སྔར་ཟོག་འདྲེན་གནམ་གྲུ་173ལས་མེད་པས་གྲངས་འབོར་ཅུང་ཉུང་ཉུང་རེད། འབྲེལ་ཡོད་སྡེ་ཚན་གྱིས་མཁའ་འགྲུལ་ཟོག་འགྲེམས་ཁེ་ལས་ཀྱིས་མཁའ་འགྲུལ་ཟོག་འདྲེན་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་པ་སྟེ། མཁའ་འགྲུལ་ཀུང་སི་དང་ཟོག་འགྲེམས་ཁེ་ལས་ཀྱིས་ནང་འདྲེན་བྱས་པའི་ཟོག་འདྲེན་གནམ་གྲུ་དེ་འབྲེལ་ཡོད་འཆར་འགོད་ནང་འཇུག་པར་སྐུལ་ལྕག་གཏོང་བ་དང་། ཁེ་ལས་ཀྱིས་ནང་འདྲེན་གྱི་འགྲོ་ལུགས་གང་མགྱོགས་སྒྲུབ་པར་རམ་འདེགས་བྱས་པ་ཚུད་ཡོད་པའི་ངོས་འཛིན་བྱས་པ་དང་། ཁོང་གིས། “ང་ཚོས་ཀྱང་མཁའ་འགྲུལ་ཀུང་སི་དང་ཟོག་འགྲེམས་ཀུང་སི་མཉམ་འདྲེས་གཏིང་ཟབ་ཡོང་བ་དང་མཁའ་འགྲུལ་ཀུང་སིའི་སྲོལ་རྒྱུན་གྱི་སྐྱེལ་འདྲེན་ལས་རིགས་དེ་དོས་འགྲེམས་དང་ཟོག་འགྲེམས་ཕྱོགས་གཉིས་སུ་སྣུར་སྲིང་འཕེལ་རྒྱས་གཏོང་བར་སྐུལ་ལྕག་ཆེན་པོ་བྱས་པ་དང་། ཟོག་འདྲེན་གནམ་གྲུ་ཡོད་པའི་གནམ་གྲུའི་རུ་ཁག་གིས་ཆེད་ལས་ཅན་གྱི་མཁའ་འགྲུལ་ཟོག་འགྲེམས་ཁེ་ལས་གནམ་ཐང་དུ་བཅའ་སྡོད་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ། གནམ་ཐང་དང་མཁའ་འགྲུལ་ཀུང་སིར་ལས་ཕྱོད་ཆེ་བ་དང་ཆེད་ལས་ཀྱི་ཟོག་འདྲེན་གནམ་གྲུའི་གཉེར་སྐྱོང་ལས་སྟེགས་བཏོད་ཡོད”ཅེས་བརྗོད་པ་རེད།
     རྒྱལ་ཁབ་སྦྲག་སྲིད་ཅུས་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་ཅིན་ཅིང་ཧྭ་ཡིས། རིམས་ནད་ཐོན་པ་ནས་བཟུང་། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཕྱི་ཁོངས་བར་བརྒྱུད་དང་། གཙང་གླས་གནམ་གྲུ་མང་དུ་གཏོང་བ། མཁའ་ལམ་གསར་གཏོད་བྱེད་པ་སོགས་བྱེད་ཐབས་སྤྱད་ནས་ཁ་གཏད་ཧུར་ཐག་བཅག་སྟེ། རྒྱལ་ནང་གི་རིམས་འགོག་དངོས་ཟོག་དང་། འཚོ་བའི་མཁོ་ཆས། སྦྲག་སྲིད་མྱུར་སྐྱེལ་སྐྱེལ་འདྲེན་བཅས་ལ་འགན་ལེན་བྱས་པ་དང་ཆབས་ཅིག རྒྱལ་སྤྱིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རོགས་སྐྱོར་ཧུར་ཐག་བྱས་པ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།