འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་30ཉིན།

༄༅༎ཧུའུ་པེ་ཞིང་ཆེན་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་རིམ་བཞིན་སླར་གསོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་30ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་དགོང་མོ། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་བརྡ་ཐོ་བཏང་སྟེ། ཟླ་3ཚེས་29ཉིན་གྱི་ཆུ་ཚོད་00:00ནས་བཟུང་ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་ཐེན་ཧོ་གནམ་ཐང་ཕུད་པའི་གནམ་ཐང་གཞན་དག་གི་རྒྱལ་ནང་གི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་སླར་གསོ་བྱས་པ་དང་། ཟླ་4ཚེས་8ཉིན་གྱི་ཆུ་ཚོད་00:00ནས་བཟུང་ཝུའུ་ཧན་ཐེན་ཧོ་གནམ་ཐང་གི་རྒྱལ་ནང་གི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་སླར་གསོ་བྱ་རྒྱུ་ཡིན་པ་རེད།
     ཧུའུ་པེ་ཞིང་ཆེན་གྱི་གནམ་ཐང་ཁག་གི་ཟོག་སྐྱེལ་དུས་གཏན་གནམ་གྲུ་ཡང་ཟླ་3ཚེས་29ཉིན་སླར་གསོ་བྱས་ཡོད། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཟོག་སྐྱེལ་མཁའ་འགྲུལ་ཀུང་སིར་རྒྱལ་ནང་དང་རྒྱལ་སྤྱིའི་ཟོག་སྐྱེལ་དུས་གཏན་གནམ་གྲུ་མང་དུ་གཏོང་རྒྱུའི་ལྕག་སྐུལ་བྱས་པ་དང་། འགྲུལ་སྐྱེལ་མཁའ་འགྲུལ་ཀུང་སིར་འགྲུལ་པ་མ་བླུག་པར་དངོས་ཟོག་སྐྱེལ་འདྲེན་བྱས་ཏེ་མཁོ་སྤྲོད་འབྲེལ་ཐག་ཤར་བགྲོད་དང་། སྐྱེལ་འདྲེན། མཁོ་སྤྲོད་བཅས་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ལྕག་སྐུལ་བྱས་ཡོད།
     དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཚན་པ་ཁག་ལ་སྐྱེལ་འདྲེན་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ་དང་། དུས་གཏན་གནམ་གྲུའི་ཐེངས་གྲངས་སླར་གསོར་ཚོད་འཛིན་ནན་པོ་བྱས་ཏེ་དུས་གཏན་གནམ་གྲུའི་མང་ཉུང་དང་འགན་ལེན་ནུས་པ་ཕན་ཚུན་འཚམ་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།