འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅།།མཚོ་སྔོན་ནས་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་དཔེ་དབྱིབས་གསར་པ་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་26ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར་《སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)བཏོན་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེས་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་། ཟས་རིགས་དང་སྨན་རྫས་བདེ་འཇགས་ཁྱབ་ཁོངས་བཅས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་སྒྲུབ་གཉེར་ལ་ཤུགས་སྣོན་རྒྱག་པ་དང་། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སྤྱི་པའི་འཕྲོད་བསྟེན་དང་འཕྲལ་སྡོམ་དོ་དམ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་འཚོལ་ཞིབ་དང་ཐག་གཅོད་བྱེད་པར་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི“མཚོ་སྔོན་གྱི་དཔེ་དབྱིབས”བཏོན་པ་རེད།
    མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཅ་ཞའོ་ཡུས་ཀྱིས་མཚམས་སྦྱོར་བྱས་པར་གཞིགས་ན། 《གཏན་འབེབས》དེ་ཁག་བཞི་ལ་དབྱེ་ཡོད་པ་སྟེ། གཙོ་གནད་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཕན་སྲུང་སྐྱོང་གི་མཉམ་ཤུགས་ཆེ་རུ་གཏོང་བ། སྤྱི་ཕན་གཏུག་བཤེར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ལྟ་སྐུལ་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་གཏན་འབེབས་ཅུང་ཆ་ཚང་བ་བྱས་ཡོད། དམངས་དོན་གཏུག་བཤེར་བཅའ་ཁྲིམས་དང་། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས། སྔོན་གཤེགས་དཔའ་བོ་སྲུང་སྐྱོང་བཅའ་ཁྲིམས་བཅས་ཀྱི་གཏན་འབེབས་ལ་གཞིགས་ནས། ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་། ཟས་རིགས་དང་སྨན་རྫས་བདེ་འཇགས། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་སྲུང་སྐྱོང་། རྒྱལ་ཁབ་ལ་དབང་བའི་ས་ཞིང་བེད་སྤྱོད་བྱེད་དབང་ནང་བཤུག སྔོན་གཤེགས་དཔའ་བོ་སྲུང་སྐྱོང་སོགས་ཁྱབ་ཁོངས་ཆེན་པོ་ལྔ་ཡི་བྱ་སྤྱོད་ལ་སྤྱི་ཕན་གཏུག་བཤེར་བྱས་ཆོག དེ་དང་ཆབས་ཅིག་ཏུ། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྤྱི་པའི་འཕྲོད་བསྟེན་དང་འཕྲལ་སྡོམ་དོ་དམ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། དེ་བཞིན་ཁྱབ་ཁོངས་གཞན་དག་བཅས་སུ་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཞིབ་གཅོད་བྱེད་པའི་ལག་ལེན་དང་འཚོལ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན།
     ཅ་ཞའོ་ཡུས་ཀྱིས《གཏན་འབེབས》ནང་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་འབྲེལ་ཡོད་འགན་འཁྲི་ཇེ་ཞིབ་ཏུ་བཏང་སྟེ། ཞིབ་དཔྱོད་དང་། ལྟ་ཞིབ། འདྲི་གཅོད། སྲིད་འཛིན་བཅས་ཀྱི་ལས་ཁུངས་དག་གིས་གྱོད་གཞིའི་ཁུངས་སྣེ་ཕན་ཚུན་སྤོ་སྐྱེལ་དང་། གྲངས་གཞི་མཉམ་སྤྱོད། ཆ་འཕྲིན་སྤེལ་རེས་སོགས་ཀྱི་ལམ་ལུགས་འཛུགས་པ་དང་། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བཅས་ཕན་ཚུན་འབྲེལ་མཐུད་བྱེད་པའི་སྤྱི་ཕན་གཏུག་བཤེར་དཔེ་དབྱིབས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ལ་ཁ་གསལ་བཟོས་ཡོད་ཟེར། གཞན་ཡང་། ད་དུང་གཞི་རིམ་གྱི་སྤྱི་ཕན་གཏུག་བཤེར་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་གྱོད་སྒྲུབ་ནུས་པ་ཆེ་རུ་གཏོང་བའི་ཐད་བླང་བྱ་བཏོན་ནས། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་རིམ་པ་ཁག་གིས་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་ཀར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཕན་སྲུང་སྐྱོང་སྐོར་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་ཉན་འཇོག་དང་ནན་ཏན་གྱིས་བསྒྲུབས་ནས་སྤྱི་ཕན་གཏུག་བཤེར་ལས་ཀའི་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།