འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅།།ཕྱི་རྒྱལ་གྱི་སྲིད་ཏང་དང་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས་ཀྲུང་གོའི་རིམས་འགོག་ཉམས་མྱོང་གིས་འཛམ་གླིང་ལ་
དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པར་བསྔགས་བརྗོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས། ཕྱི་རྒྱལ་གྱི་སྲིད་ཏང་དང་སྲིད་ཕྱོགས་མི་སྣ་གལ་ཆེན་ཁག་གཅིག་གིས་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ལ་གློག་འཕྲིན་དང་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཆེད་མངགས་འཕྲིན་ཡིག་སྤྲིངས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་དང་བྱེད་ཐབས་མཉམ་སྤྱོད་བྱས་པ་མ་ཟད། དུས་ཐོག་ཏུ་རྒྱལ་ཁབ་གཞན་ལ་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཀྲུང་གོའི་རིམས་འགོག་ཉམས་མྱོང་གིས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་དཔྱད་གཞི་མེ་ལོང་གལ་ཆེན་མཁོ་འདོན་བྱས་ཡོད་པས་རྒྱལ་ཁབ་རེ་ཟུང་གིས་ཀྲུང་གོར་མིང་ཆད་ངན་པ་བཟོ་བའི་ལྐོག་གཡོ་གཤོམ་པ་དེ་ནི་མིའི་བློ་ལ་མ་བབ་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།
    ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ཧྲུན་ཐུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མའི་བཀོད་འདོམས་དང་བཀོད་སྒྲིག་འོག་ཀྲུང་གོ་གུང་ཁྲན་ཏང་གིས་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་ཆེན་པོ་འདོན་སྤེལ་བྱས་ནས་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་བཟོས་པ་དང་རྒྱལ་ཡོངས་བསམ་ཇུས་གཅིག་གིས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་རྣམ་པ་ཆགས་རྒྱུར་སྐུལ་འདེད་བཏང་བ། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་སྨན་བཅོས་བྱེད་སྟངས་གསར་གཏོད་ཀྱིས་སྤྱད་དེ་དུས་ཐུང་ནང་རིམས་འགོག་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་དང་བྱེད་ཐབས་ངོ་སྤྲོད་བྱས་པ་དང་སྦྲགས་ལོ་སི་ཕྱོགས་ལ་འཕྲལ་མཁོའི་རིམས་འགོག་དངོས་ཟོག་མཁོ་འདོན་བྱས་པ་དེ་ནི་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལྟ་བུ་རེད་ཅེས་བརྗོད་པ་རེད།
    ཧིན་རྡུ་ཉི་ཞི་ཡའི་དམངས་གཙོ་འཐབ་རྩོད་ཏང་གི་དྲུང་ཆེ་ཧ་སི་ཐོ་དང་ཕྱི་ཕྱོགས་འབྲེལ་གཏུག་པུའི་ཀྲུའུ་ཞི་པ་ས་ལ་གཉིས་ཀྱིས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལག་ལེན་ལས་འཛམ་གླིང་ལ་དཔེ་མཚོན་ཧ་ཅང་ཡག་པོ་ཞིག་བཏོད་ཡོད་པས་ང་ཚོར་དེའི་ཁྲོད་ནས་ཕན་པ་མང་པོ་ཐོབ་བྱུང་། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་རིམས་འགོག་བྱས་པའི་རླབས་ཆེའི་སྙིང་སྟོབས་ཀྱིས་གོ་ལ་ཧྲིལ་པོར་ཕན་པ་ཆེན་པོ་ཐོབ་ཡོད་ཅེས་བརྗོད་པ་རེད།
   དབྱི་རན་དབྱི་སི་ལམ་མཉམ་འབྲེལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་པ་ཏ་མུའུ་ཆེ་ཨན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཐོན་ཁུངས་འབོར་ཆེན་བཏང་ཡོད་ལ་དཀའ་སྤྱད་འབད་བརྩོན་ཡང་བྱས་པས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་གཞན་གྱིས་རིམས་ནད་ལ་ཁ་གཏད་གཅོག་རྒྱུར་རྩ་ཆེའི་ཉམས་མྱོང་དང་གྲུབ་འབྲས་ཐོབ་པའི་མིག་དཔེ་གཏོད་ཡོད། དབྱི་རན་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་མཁོ་འདོན་བྱས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
   སི་རི་ཡ་ཨ་རབ་བསྐྱར་དར་སྤྱི་ཚོགས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་ཤིས་ལ་ལེ་ཡིས་རིམས་ནད་མཆེད་པ་ལས་འཛམ་གླིང་ཡོངས་ལ་སེམས་ཁྲལ་ཆེན་པོ་བཟོས་ཡོད་མོད། འོན་ཀྱང་རྒྱལ་ཁབ་རེ་བཟུང་གིས་སྔར་བཞིན་རང་ཤེད་ཆེ་བའི་ཆབ་སྲིད་ཁེ་ཕན་དོན་གཉེར་བྱེད་བཞིན་ཡོད་པ་རེད། ང་ཚོས་ཀྲུང་གོ་ཕྱོགས་ཀྱིས“མི་དམངས་ལྟེ་བར་འཛིན་་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་ཆེད་འབད་བརྩོན་ཆེན་པོ་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོར་རྒྱལ་ཁ་ཐོབ་པ་དེ་ནི་མིའི་རིགས་ཧྲིལ་པོར་རྒྱལ་ཁ་ཐོབ་པ་ཞིག་རེད་ཅེས་བརྗོད་པ་རེད།
    ཁོ་ལོམ་པི་ཡ་རང་དབང་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སངས་ཆེ་སི་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་རིམས་འགོག་ཉམས་མྱོང་དང་བྱེད་ཐབས་མཉམ་སྤྱོད་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་དེས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་བཞིན་པའི་ཁོ་ལོམ་པི་ཡར་དཔྱད་གཞིའི་མེ་ལོང་གལ་ཆེན་མཁོ་འདོན་བྱས་ཡོད། གོ་ལ་ཧྲིལ་པོའི་རིམས་འགོག་གི་བརྒྱུད་རིམ་ནང་ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པའི་དགོས་ངེས་རང་བཞིན་དང་དགོས་གཏུག་རང་བཞིན་ངོས་འཛིན་ཐུབ་བྱུང་བས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་ས་ཁུལ་དང་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།