འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅།།ཕྱི་འབྲེལ་པུས་བསྟན་དོན། ཨ་རི་ཕྱོགས་ཀྱི་མི་འགའ་རེས་ལུགས་མཐུན་གྱི་སྐད་ཆ་ཉན་དགོས་པ་ལས་ཀྲུང་གོར་
མིང་ཆད་བཟོ་བའི་གཏམ་བརྗོད་སྤེལ་མཚམས་འཇོག་རྒྱུའི་རེ་བ་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས། ཨ་རི་ཕྱོགས་ཀྱི་མི་འགའ་རེས་རྒྱལ་སྤྱི་དང་དེ་བཞིན་རྒྱལ་ནང་གི་ལུགས་མཐུན་སྐད་ཆ་ཉན་དགོས་པ་མ་ཟད། ཀྲུང་གོར་མིང་ཆད་བཟོ་བའི་ནོར་འཁྲུལ་གྱི་གཏམ་བརྗོད་སྤེལ་མཚམས་འཇོག་རྒྱུའི་རེ་བ་ཡོད་ཅེས་བརྗོད།
    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་མི་ཉུང་ཤས་ཀྱིས“ཀྲུང་གོའི་ནད་དུག”དང“ཝུའུ་ཧན་གྱི་ནད་དུག”ཅེས་བརྗོད་པའི་ཤོད་སྟངས་ལ་མི་དགའ་བ་དང་ངོ་རྒོལ་གྱི་རྣམ་འགྱུར་ཐེངས་མང་བསྟན་ཡོད། འོན་ཀྱང་། ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཚེས་23ཉིན་ཐུའེ་ཐེའི་ཐོག“ཝུའུ་ཧན་གྱི་ནད་དུག”ཅེས་བརྗོད་པའི་ཤོད་སྟངས་སྔར་བཞིན་སྤྱད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་སྔར་ལས་ལྷག་པའི་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
    ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་མི་འགའ་རེས་མ་རུང་ཁོག་བཅུག་གི་བསམ་པ་བཅངས་ནས་ཏོག་གསར་གློ་ཚད་དེ་ཀྲུང་གོ་དང་འབྲེལ་བ་བྱས་ཏེ་ཀྲུང་གོར་རྒྱུན་ཆད་མེད་པར་མིང་ཆད་བཟོས་པ་བསྐྱར་བསྒྲགས་ཐེངས་མང་བྱས་པ་དང་། ཀྲུང་གོ་མི་དམངས་ཀྱིས་དེའི་ཐད་དྲང་བདེན་གྱི་ཁོང་ཁྲོ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཚང་མས་ནད་དུག་དེ་དམིགས་འཛུགས་རྒྱལ་ཁབ་དང་ས་ཁུལ་དང་འབྲེལ་བ་བྱེད་པར་ངོ་རྒོལ་དང་མིང་ཆད་བཟོ་བར་ངོ་རྒོལ་བྱ་རྒྱུ་ཁ་གསལ་བཏོན་ཡོད་ཅེས་བརྗོད།
    ཀེང་ཧྲོང་གིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་ཏོག་གསར་གློ་ཚད་གང་སར་མཆེད་པའི་འཐབ་རྩོད་ཁྲོད་རིགས་རྒྱུད་ལ་མཐོང་ཆུང་དང་ཕྱོགས་ཞེན་གྱི་བྱེད་སྤྱོད་སྤེལ་བ་དེ་ནི་ངོ་ཚ་ཁྲེལ་མེད་ཅིག་ཡིན་པས། ངེས་པར་དུ་རིགས་རྒྱུད་རིང་ལུགས་དང་མཐོང་ཆུང་བྱེད་པར་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་ཞེས་བརྗོད་པ་དང་། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་སྐུ་ཚབ་པོ་ལེ་ལིས། ནད་དུག་ལ་རྒྱལ་ཁོངས་མེད། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགྲན་སློང་མདུན་དུ་ངེས་པར་དུ་མཉམ་ལས་དང་ཕྱོགས་མང་རིང་ལུགས་གདམ་ག་བྱེད་དགོས་པ་ལས་འགྲན་རྩོད་དང་ཕན་ཚུན་སྐྱོན་བརྗོད་བྱེད་མི་རུང་ལ། “ཀྲུང་གོའི་ནད་དུག”སོགས་ཀྱི་སྐད་ཆ་ཤོད་སྟངས་དེ་རིགས་རང་འགར་བརྗོད་མི་རུང་ཞེས་བརྗོད་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ངོས་འཛིན་བྱས་དོན། ཏོག་གསར་གློ་ཚད་དེ“ཀྲུང་གོའི་ནད་དུག”རེད་ཅེས་བརྗོད་པ་ལས་གཡོལ་གང་ཐུབ་བྱེད་པ་དང་ད་ལྟ་ནི་མཐུན་སྒྲིལ་གྱི་དུས་སྐབས་དང་། དོན་དངོས་ལ་བརྩི་འཇོག་བྱེད་པའི་དུས་སྐབས། ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱེད་པའི་དུས་སྐབས་བཅས་ཡིན་པ་རེད།
    ཀེང་ཧྲོང་གིས། ཉེ་ཆར་ཨ་རིའི་རྒྱལ་ནང་གི་གནས་ལུགས་རྟོགས་མཁན་གྱི་མི་མི་ཉུང་བ་ཞིག་གིས་ཡོངས་བསྒྲགས་ངང་གཏམ་བཤད་སྤེལ་བ་དང་མི་འགའ་ཤས་ཀྱིས“ཀྲུང་གོའི་ནད་དུག”ཞེས་སྐད་ཆ་ཤོད་སྟངས་སྤྱད་པར་ངོ་རྒོལ་བྱས་ཡོད། གང་ལགས་ཤེ་ན། དེ་ནི་རིགས་རྒྱུད་རིང་ལུགས་དང་ཕྱི་མི་ཟུར་འབུད་ཀྱི་བསམ་ཚུལ་དམར་རྗེན་དུ་འུད་སྒྲོག་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ཚོས་ནད་དུག་དེར“ཀྲུང་གོའི་ནད་དུག”ཅེས་བརྗོད་ན་མང་ཚོགས་རྣམས་རིགས་རྒྱུད་རིང་ལུགས་དང་གཏུམ་སྤྱོད་ཀྱི་ཉེན་ཁའི་གནས་སུ་གྱར་ངེས་རེད། ཏོག་གསར་ནད་དུག་གི་མི་ཚང་མར་ཤུགས་རྐྱེན་ངན་པ་བཟོས་ཡོད་པས། ངེས་པར་དུ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས་པ་ལས་ཕྱི་དགྲ་ལྟར་བརྩིས་ནས་འཇིགས་སྣང་བཟོ་མི་རུང་བའི་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིའི་གཙོ་རྒྱུན་སྨྱན་སྦྱོར་མང་པོ་དང་དེ་བཞིན་ཇུས་འདོན་ཚོགས་པའི་སྒྲིག་གཞི་མང་པོ་ཞིག་གིས་ཀྱང་ཨ་རིའི་མི་འགའ་རེའི་ཁུངས་མེད་གཏམ་བརྗོད་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅེས་བརྗོད།
    “ཉེ་བའི་དུས་སྐབས་ཤིག་རིང་། ཀྲུང་གོ་དང་ཨ་རིའི་དབར་ནད་དུག་གི་འབྱུང་རྩའི་སྐོར་ལ་རྩོད་གླེང་འགའ་ཞིག་བྱུང་ཡོད། ངས་བརྗོད་འདོད་པ་ཞིག་ནི་རྩོད་གླེང་འདི་སློང་མཁན་དང་པོ་ནི་ཨ་རི་ཡིན་ཞིང་། ཐོག་མར་ནད་དུག་གི་འབྱུང་རྩ་ནི་ཀྲུང་གོ་ཡིན་ཞེས་བརྗོད་པ་དང་། ཐོག་མར‘ཀྲུང་གོའི་ནད་དུག’དང‘ཝུའུ་ཧན་གྱི་ནད་དུག’ཞེས་སྤྱོད་མཁན་ཡང་ཨ་རི་ཡིན། སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་6ཉིན། ཕེང་ཕེ་ཨའོ་ཡིས་ཕྱི་ཕྱོགས་སུ‘ཝུའུ་ཧན་གྱི་ནད་དུག’ཅེས་པའི་ཤོད་ཚུལ་ཡོངས་བསྒྲགས་ངང་སྤྱད་པ་དང་། དེ་རྗེས་ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་དང་མཐོ་རིམ་དཔོན་རིགས་འགའ་ཤས་ཀྱིས་ཤོད་སྟངས་དེ་སྤྱད་ནས་ཀྲུང་གོར་རྒྱུན་མཐུད་ངང་མིང་ཆད་བཟོས་པར་ཀྲུང་གོ་མི་དམངས་ཀྱིས་དྲང་བདེན་གྱི་ཁོང་ཁྲོ་དང་ངོ་རྒོལ་དྲག་པོ་བྱས་ཡོད། ཤོག་བུ་དཀར་པོའི་ཐོག་ཡི་གེ་ནག་པོ་འཁོད་ཡོད་ལ་སྐད་ཆ་དེ་ད་དུང་རྣ་བ་ལས་ཡལ་མེད་པས་ཨ་རི་ཕྱོགས་ཀྱིས་བསྙོན་འཛུགས་བྱེད་ཐབས་བྲལ་ཡོད”ཅེས་ཀེང་ཧྲོང་གིས་བརྗོད།
    ཀེང་ཧྲོང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་མི་འགའ་རེས་མཐོང་ཐོས་རྙོག་བཟོ་དང་ཆག་སྒོ་རྒྱལ་ཁབ་གཞན་གྱི་མགོ་ཐོག་ཏུ་གཡོག་པའི་གཡོ་ཐབས་སྤྱད་དེ“ཀྲུང་གོའི་ནད་དུག”དང“ཝུའུ་ཧན་གྱི་ནད་དུག”ཅེས་པའི་སྐད་ཆ་ཤོད་སྟངས་སྤྱད་པ་ཡིན་ན་ཨ་རིའི་རིམས་ནད་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་ཕན་པ་མེད་ལ། རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལའང་ཕན་པ་གང་ཡང་མེད། ཨ་རི་ཕྱོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ནི་སེམས་ནུས་གཅིག་ཏུ་བསྒྲིལ་ནས་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག ཀྲུང་གོ་ཕྱོགས་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིམས་ནད་འགོག་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་དེ་རེད།