འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་24ཉིན།

༄༅།།ལེ་དབར་སྟོང་གིས་ཆོད་པའི་ཧུའུ་པེ་དང་སེམས་པ་གཅིག་ཏུ་འབྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་24ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མའེ།
    ཟླ་3ཚེས་19ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་ཟི་ལིང་གི་ཚའོ་ཅ་པའོ་གནམ་ཐང་དུ་དགའ་སྤྲོའི་རྣམ་པས་ཁེངས་པ་དང་། “རིམས་འགོག་དཔའ་བོ་ཕ་ཡུལ་དུ་ལོག་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ”དང“ཁྱེད་རྣམ་པ་སྐུ་ལས་ཁག་སོང”སོགས་ཀྱི་སྦྱར་ཡིག་ཧ་ཅང་མངོན་གསལ་དོད་པོ་ཡོད་ཅིང་། ཧུའུ་པེར་རོགས་སྐྱོར་བྱེད་མཁན་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་ཁག་དང་པོའི་རུ་མི་ཚང་མ་ཕ་ཡུལ་དུ་ལོག་པ་རེད། ཉིན་གཉིས་ཀྱི་གོང་དུ་ཧུའུ་པེར་རོགས་སྐྱོར་བྱེད་མཁན་མཚོ་སྔོན་གྱི་སྨན་བཅོས་ནད་སྐྱོང་རུ་ཁག་ཁག་གཉིས་པ་བདེ་མ་ཐང་མར་ལོག་ཡོད་པ་རེད།
    མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དབུགས་ལམ་དང་ནད་གཞི་ལྕི་ལ་སྲོག་ཉེན་ཆེ་བའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ཀྲང་ཧྥང་གིས“མཚོ་སྔོན་གྱི་མི་དམངས་ཁྲི་600ལྷག་ཙམ་གྱི་སྨོན་འདུན་བཟང་པོའི་འོག ང་ཚོས་ཝུའུ་ཧན་མི་དམངས་དང་ཧུའུ་པེའི་མི་དམངས་དང་མཉམ་དུ་འབད་འཐབ་བྱས་པ་ཡིན”ཞེས་བཤད།
    ཟླ་1ཚེས་28ཉིན་ཧུའུ་པེར་རོགས་སྐྱོར་བྱེད་མཁན་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་ཁག་དང་པོས་ཝུའུ་ཧན་ཤིན་ཀྲོའུ་ལ་རོགས་སྐྱོར་བྱས་པ་རེད། སྨན་དོན་མི་སྣ་135དེ་དག་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་སོགས་སྨན་བཅོས་སྒྲིག་གཞི་16ནས་རེད།
    ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ཁག་དང་པོའི་རུ་དཔོན་སུན་པིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་རུ་ཁག་གི་སྨན་ཁང་གི་འགོ་ནད་དོ་དམ་ཚོགས་ཆུང་དེ་སྨན་ཁང་6གི་ལག་རྩལ་རྐང་འཛིན་པ་10ལས་གྲུབ་པ་དང་། སྨན་བཅོས་རུ་ཁག་གིས་འགོ་ནད་དོ་དམ་ལས་དོན་གྱི་འགན་ཁུར་ཡོད། མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་གི་ཡོའན་ཀྲང་གཞོན་པ་ཧྥན་ཧའེ་ཉིང་གིས་སྨན་ཁང་གི་འགོ་ནད་དོ་དམ་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་ཁུར་ཡོད། ཧྥན་ཧའེ་ཉིང་གིས་ཝུའུ་ཧན་དུ་ལོ་གསུམ་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱེད་མྱོང་བས་ཝུའུ་ཧན་ལ་བརྩེ་དུང་ཟབ་མོ་ཡོད། ཁོང་གིས“ལོ་10ཡི་གོང་ངས་ཡུལ་ཤུལ་གྱི་ཡོམ་འགོག་གེགས་སེལ་ལས་རྒྱལ་ཡོངས་ས་གནས་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་ཚོར་བྱུང་། ད་ཆ་ཝུའུ་ཧན་དུ་དཀའ་ངལ་འཕྲད་སྐབས་ང་ངེས་པར་དུ་འཐབ་ས་མདུན་མར་རོགས་སྐྱོར་བྱེད་པར་སྐྱོད་དགོས་ངེས་རེད”ཅེས་བཤད།
    ཧྥན་ཧའེ་ཉིང་གིས“ང་ཚོའི་ལས་ཀ་ནི་སྨན་དོན་མི་སྣ་ནད་ཁུལ་དུ་མ་བསྐྱོད་གོང་གི་འགོག་སྲུང་བྱ་ཡུལ་དང་པོ་དེ་རེད། སྨན་དོན་མི་སྣར་ལས་ཀ་བྱ་ཡུལ་དུ་ནད་དུག་མེད་པར་བཟོ་བའི་མཛུབ་ཁྲིད་བྱེད་པ་དང་ཆབས་ཅིག འཐབ་ས་དང་པོའི་ལས་དོན་པར་ནད་དུག་ལས་གཡོལ་ཐབས་བསླབས་ནས་སྨན་དོན་མི་སྣ་ཚང་མར་ནད་དུག་མ་འགོས་པ་བྱེད་དགོས་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
    མཚོ་སྔོན་གྱི་སྨན་བཅོས་རུ་ཁག་སྨན་ཁང་དུ་སླེབས་མ་ཐག་འགོག་སྲུང་གྱོན་གོས་གྲོན་ཆུང་བྱ་ཆེད། སྨན་དོན་མི་སྣ་གཅིག་ལོགས་སུ་འཇོག་ཁུལ་དུ་བསྐྱོད་ཚེ་བསྟུད་མར་ལས་ཀ་ཆུ་ཚོད་བཞི་ལྔ་བྱེད་དགོས། ཁ་ལག་སྐྱེལ་བ་དང་། སྨན་སྤྲོད་པ། སྨན་ཆུ་བླུག་པ། སྨན་བརྗེ་བ། གད་སྙིགས་གཙང་མ་བཟོ་བ་བཅས་ཀྱི་ལས་འབོར་རྒྱུན་གཏན་གྱི་ལྡབ་གཉིས་ཙམ་ཡིན་པ་དང་ལས་བྲེལ་ཆེ་བའི་སྐབས་ནད་སྐྱོང་བ་གཅིག་གིས་ནད་པ་44ཙམ་ལ་ལྟ་རྟོག་བྱེད་དགོས་ཀྱི་ཡོད།
    བགྲེས་སོང་ཞིག་ཝུའུ་ཧན་ཤིན་ཀྲོའུ་ཆུས་མི་དམངས་སྨན་ཁང་ནས་ཤིན་ཀྲོའུ་ཆུས་ཀྲུང་ལུགས་སྨན་ཁང་དུ་བསྐྱལ་ ཞིང་། ནད་གཞི་ལྕི་བས་སེམས་འཚབ་ཆེན་པོ་སྐྱེས་ཏེ་སྨན་དོན་མི་སྣ་དང་འབྲེལ་གཏུག་མི་བྱེད་པ་མ་ཟད། སྨན་བཅོས་ལ་གཞོགས་འདེགས་གཏན་ནས་བྱེད་ཀྱི་མི་འདུག རུ་མི་ཚོས་སྨན་བཅོས་ཞིབ་ཚགས་བྱེད་ཞོར་དུ་ངང་རྒྱུད་རིང་པོས་སེམས་གསོ་བཏང་བས་བགྲེས་སོང་དེ་གཞི་ནས་ཡིད་རྣལ་དུ་འབེབས་ཐུབ་ཙམ་བྱུང་སྟེ་མགྱོགས་མྱུར་ནད་གཞི་ཅུང་ཡང་བའི་ནད་ཁང་དཀྱུས་མར་སྤོ་ཐུབ་སོང་། “ངས་མཚོ་སྔོན་གྱི་སྨན་བཅོས་རུ་ཁག་གིས་ལྟ་རྟོག་གང་དྲག་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད་པ་དང་། སྨན་ཁང་ནས་དོན་རྗེས་བགྲེས་སོང་གིས་རྟག་ཏུ་འཕྲིན་ཐུང་བསྐུར་ཏེ། གཟུགས་པོར་བདག་གཅེས་དང་བདེ་མ་ཐང་མར་ཁྱིམ་དུ་ལོག་པའི་མངགས་བཅོལ་ཡང་ཡང་བྱེད་ཀྱི་ཡོད།
    ལི་ཡིའུ་དབྱི་ཡིས“ང་ཚོས་སྟབས་བསྟུན་སྨན་ཁང་དུ་ནད་པ་སྐྱོབ་བཅོས་བྱེད་སྐབས། སྨན་བཅོས་བྱེད་པ་དང་ཆབས་ཅིག ད་དུང་རྒྱུན་གཏན་གྱི་ལྟ་རྟོག་བྱེད་པ་དང་ནད་པར་བསམ་བློའི་སློབ་གསོ་རྒྱག་པ་སོགས་བྱས་ཏེ་མཚོ་སྔོན་གྱི་སྨན་བཅོས་རུ་ཁག་གི་རུ་མི་ཚོས་གཅེས་སེམས་ལ་བརྟེན་ནས་ཚེ་སྲོག་བསྐྱབ་ཡུལ་དུ་དྲོ་སྐྱིད་ཀྱིས་ཁེངས་པར་བྱས་ཡོད”ཅེས་བཤད།
    ཉིན་ཤས་བསྟུད་མར། ནད་གཞི་ལྕི་བ་ནས་ཡང་བར་གྱུར་བ་དང་ཡང་བ་ནས་དྲག་སྐྱེད་བྱུང་བ་སོགས་ཀྱི་གཏམ་བཟང་རྒྱུན་ཆད་མེད་པར་ཐོས་རྒྱུ་ཡོད་པ་དང་། སྨན་ཁང་ནས་དོན་མཁན་ཚོའི་བབ་ཆགས་པའི་སྐད་ཆ་སྟེ“ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། མཚོ་སྔོན་གྱི་སྨན་དོན་མི་སྣ་ལྷན་རྒྱས་ཐུགས་རྗེ་ཆེ”ཞེས་པ་སོགས་ཀྱིས་མཚོ་སྔོན་གྱི་སྨན་དོན་མི་སྣ་ཚོར་སེམས་འགུལ་ཚད་མེད་ཐེབས་ཡོད། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཤིའུ་ཀྲུང་གིས་ངོ་སྤྲོད་བྱས་དོན། མཚོ་སྔོན་གྱི་སྨན་བཅོས་རུ་ཁག་ཁག་དང་པོས་གཏན་འཁེལ་བའི་ནད་དཔེ་346ཉར་ནས་སྨན་བཅོས་བྱས་པ་དང་ནད་པ་257དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ནད་གཞི་ལྕི་རིགས་དང་ཧ་ཅང་ལྕི་བའི་ནད་དཔེ་73སྐྱོབ་བཅོས་བྱས་ཡོད། མཚོ་སྔོན་གྱི་སྨན་བཅོས་རུ་ཁག་ཁག་གཉིས་པས་རིམ་རྩིས་ལྟར་ན་སྨན་ཁང་དུ་སྡོད་མཁན་ནད་པ་328ལ་ནད་གཡོག་རྒྱུག་པ་དང་ནད་པ་246སྨན་ཁང་ནས་དོན་ཡོད་པ་རེད།