འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་22ཉིན།

༄༅།།“ས་མཐོ་ནས་ཐང་གཤོངས་སུ་བསྐྱོད་དེ་ང་ཚོ་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད”

—— ཧུའུ་པེར་རོགས་སྐྱོར་བྱེད་མཁན་མཚོ་སྔོན་ཞིང་ཆེན་སྨན་བཅོས་རུ་ཁག་གི་བུད་མེད་སྨན་པ་ཏའེ་ཁྲུན་གྱི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་22ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། གཡང་ཕྱུག་ཟླ་སྒྲོན་དང་ལི་ཅིན་ཧྥེང་།
    ● ཧུའུ་པེར་རོགས་སྐྱོར་བྱེད་མཁན་མཚོ་སྔོན་ཞིང་ཆེན་སྨན་བཅོས་རུ་ཁག་གི་སྨན་དོན་མི་སྣ་239ཡི་ཁྲོད་བུད་མེད་རུ་མི་199ཡོད་པ་དེས་རུ་མི་ཡོངས་ཀྱི་བསྡུར་གྲངས་བཟུང་ཚད་བཅུ་ཆ་བརྒྱད་ཟིན་གྱི་ཡོད།
    ● ཝུའུ་ཧན་དུ་རིམས་ནད་འགོག་རྒོལ་བྱེད་པའི་ཉིན་40ཡི་རིང་། ཏའེ་ཁྲུན་དང་ཁོང་གི་ལས་གྲོགས་ཚོར་ཐུགས་རྗེ་ཆེ་ཞུ་མཁན་མང་པོ་ཡོད་ལ། ནད་པ་མི་ཉུང་བ་ཞིག་གིས་ཁོང་ཚོ་དང་མཉམ་དུ་པར་བརྒྱབ་ནས་ཁོང་ཚོར་བསྔགས་བརྗོད་བྱེད་ཅིང་། ཏའེ་ཁྲུན་གྱིས“ང་ཚོ་སྤྲོ་སྣང་ཆེ་ཤོས་ཀྱི་དུས་ནི་ནད་པའི་ནད་གཞི་དྲག་སྐྱེད་བྱུང་བའམ་ཡང་ན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཏེ་ང་ཚོར་ཐུགས་རྗེ་ཆེ་ཞེས་བརྗོད་སྐབས་ཡིན། དངོས་གནས་སེམས་གཏིང་ནས་ཁོང་ཚོར་དགའ་སྣང་སྐྱེ་ཡི་འདུག”ཅེས་བརྗོད།
     ཞོགས་པའི་ཆུ་ཚོད་བརྒྱད་པར། ཏའེ་ཁྲུན་གྱིས་འགོག་སྲུང་གྱོན་ཆས་གོན་པ་དང་། ཁ་རས་དང་མིག་སྲུང་མིག་ཤེལ་བརྒྱབ་ནས་ནད་ལྕིའི་ལྟ་སྐྱོང་ཁང་ནང་འཛུལ་ནས་སྨན་དོན་མི་སྣ་གཞན་དག་དང་མཉམ་དུ་ནད་ཁང་བཤེར་བ་དང་ལྷན་འཛོམས་ནད་དཔྱད་བྱས་ཏེ་ཉིན་གཅིག་གི་བྲེལ་འཚུབ་ཆེ་བའི་ལས་ཀ་བྱེད་འགོ་ཚུགས། ནད་ལྕིའི་ནད་པར་སྐྱོབ་བཅོས་བྱེད་རིང་། ནད་དུག་དང་འཐབ་བཞིན་པའི་ཏའེ་ཁྲུན་གྱིས་དུས་ཚོད་ཇི་ཙམ་ཕྱིན་མིན་ཚོར་གྱི་མེད།
    ཧུའུ་པེར་རོགས་སྐྱོར་བྱེད་མཁན་མཚོ་སྔོན་ཞིང་ཆེན་སྨན་བཅོས་རུ་ཁག་གི་སྨན་དོན་མི་སྣ་239ཡི་ཁྲོད་བུད་མེད་རུ་མི་199ཡོད་པ་དེས་རུ་མི་ཡོངས་ཀྱི་བསྡུར་གྲངས་བཟུང་ཚད་བཅུ་ཆ་བརྒྱད་ཟིན་གྱི་ཡོད། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ནད་ལྕིའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་རམས་པ་གཞོན་པ་ཏའེ་ཁྲུན་ནི་མཚོ་བོད་ས་མཐོ་ནས་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པར་བསྐྱོད་པའི“གསར་བརྗེའི་བུད་མེད་དམག”གི་ཁོངས་མི་ཞིག་རེད།
    སྨན་པ་བྱས་ནས་ལོ་34སོང་བའི་ཏའེ་ཁྲུན་མཚོ་སྔོན་གྱི་ཞིང་འབྲོག་ཁུལ་གྱི་ས་ཕྱོགས་གང་སར་བསྐྱོད་མྱོང་ཡོད། རིམས་ནད་ཐོན་རྗེས་ས་མཐོ་ནས་ཐང་གཤོངས་སུ་བསྐྱོད་དེ། ཁོང་གིས་ཐོག་མཐའ་བར་གསུམ་དུ་རིམས་ནད་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད།
     ཟླ་1ཚེས་27ཉིན་གྱི་ཕྱི་དྲོ། ཝུའུ་ཧན་ལ་རོགས་སྐྱོར་བྱེད་པར་སྐྱོད་དགོས་པའི་བརྡ་ཐོ་འབྱོར་སྐབས། ལོ་58ལ་སླེབས་པའི་ཏའེ་ཁྲུན་གྱིས་སྨན་ཁང་དུ་ཏོག་གསར་གློ་ཚད་ཕོག་པའི་དོགས་ཡོད་ནད་པ་ཞིག་ལ་ནད་གཞི་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཉིན་གཉིས་པར་ཏའེ་ཁྲུན་ཚུད་པའི་སྨན་དོན་མི་སྣ་137ལས་གྲུབ་པའི་མཚོ་སྔོན་གྱི་སྨན་བཅོས་རུ་ཁག་ཁག་དང་པོ་གནམ་གྲུར་བསྡད་ནས་ཐད་ཀར་ཝུའུ་ཧན་ལ་བསྐྱོད་པ་རེད།
    ཏའེ་ཁྲུན་གྱིས་ལོ་བཅུ་ཡི་གོང་། ཡུལ་ཤུལ་ལ་ས་ཡོམ་རྒྱག་སྐབས་རྒྱལ་ཡོངས་མི་དམངས་ཀྱིས་མཚོ་སྔོན་ལ་རོགས་རམ་བྱས་ཡོད། ལོ་བཅུ་སོང་རྗེས། ཧུའུ་པེའི་རིམས་ནད་དུས་བབ་ཛ་དྲག་ཆེ་བས་ང་ཚོས་ངེས་པར་དུ་ཕན་ཚུན་རོགས་རམ་བྱེད་དགོས་ཞེས་བརྗོད་པ་རེད།
    ཝུའུ་ཧན་གྲོང་ཁྱེར་ཤིན་ཀྲོའུ་ཆུས་མི་དམངས་སྨན་ཁང་གི་ནད་ལྕིའི་ལྟ་སྐྱོང་ཁང་དུ་ཧ་ཅང་མཐུག་ལ་ལྗིད་པའི་འགོག་སྲུང་གྱོན་ཆས་གོན་པའི་ཏའེ་ཁྲུན་འགུལ་སྐྱོད་སྟབས་བདེ་མེད་པ་དང་ནང་འཇམ་ཀྱང་རློན་པ་ཆགས་ཡོད་པ་རེད། ཉེ་མཐོང་མིག་ཤེལ་སྒང་ལ་འགོག་སྲུང་མིག་ཤེལ་བརྒྱབ་པས། ཁོང་གི་མཐོང་ལམ་རབ་རིབ་ཏུ་གྱུར། ནད་ཐོག་སྨན་བཅོས་བྱེད་པ་ཕུད། ད་དུང་ཏའེ་ཁྲུན་གྱིས་རང་འགུལ་ངང་ནད་པར་སྒལ་པར་འཕུར་མཉེད་གཏོང་བ་དང་། གཟུགས་པོ་ཨ་སློག་རྒྱག་པ། གད་སྙིག་དབྱུགས་པ་སོགས་བྱེད་རོགས་བྱེད་ཅིང་། ཁོང་གིས“ངས་རང་འཁྲིའི་ལས་ཀ་བྱེད་པ་ཙམ་ཡིན། སྨན་གཡོག་དང་དབུགས་འབྱིན་རླུབ་སྨན་བཅོས་མཁན་ཚང་མ་ང་ལས་དཀའ་ལས་ཆེ་བ་ཡོད”ཅེས་བརྗོད་པ་རེད།
    ཝུའུ་ཧན་གྱི་རིམས་ནད་འགོག་རྒོལ་བྱེད་པའི་ཉིན་40ཡི་རིང་། ཏའེ་ཁྲུན་དང་ཁོང་གི་ལས་གྲོགས་ཚོར་ཐུགས་རྗེ་ཆེ་ཞུ་མཁན་མང་པོ་ཞིག་ཡོད་ལ། ནད་པ་མི་ཉུང་བ་ཞིག་གིས་ཁོང་ཚོ་དང་མཉམ་དུ་པར་བརྒྱབ་ནས་ཁོང་ཚོར་བསྔགས་བརྗོད་བྱེད་ཅིང་། ཏའེ་ཁྲུན་གྱིས“ང་ཚོ་སྤྲོ་སྣང་ཆེ་ཤོས་ཀྱི་དུས་ནི་ནད་པའི་ནད་གཞི་དྲག་སྐྱེད་བྱུང་བའམ་ཡང་ན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཏེ་ང་ཚོར་ཐུགས་རྗེ་ཆེ་ཞེས་བརྗོད་སྐབས་ཡིན། དངོས་གནས་སེམས་གཏིང་ནས་ཁོང་ཚོར་དགའ་སྣང་སྐྱེ་ཡི་འདུག”ཅེས་བརྗོད་པ་རེད།
   “ཁོང་ནི་ང་ཚོའི་ཨ་མ་ཏའེ་ལགས་རེད”ཅེས་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ནད་ལྕི་གསོ་རིག་ཚན་ཁག་གི་སྨན་སྐྱོང་པ་ཡུས་ཧྥེང་ཆིན་གྱིས་བརྗོད། སྨན་བཅོས་རུ་ཁག་གི་སྨན་དོན་པ་མང་ཆེ་བ་ནི“བརྒྱད་ཅུའི་ནང་སྐྱེས”དང“དགུ་བཅུའི་ནང་སྐྱེས”ཀྱི་ན་གཞོན་ཤ་སྟག་ཡིན་པ་དང་། ཏའེ་ཁྲུན་གྱིས་ཁོང་ཚོ་ཚང་མ་རང་ཉིད་ཀྱི་ཕྲུ་གུ་ལྟ་བུར་བརྩིས་ཤིང་། རུ་མི་ཚོ་སེམས་མི་སྐྱིད་པ་ཡོང་བའི་དུས་སུ། ཏའེ་ཁྲུན་གྱིས་ཁོང་ཚོའི་ཨ་མ་ལྟར་ངང་རྒྱུད་རིང་པོས་སེམས་གསོ་གཏོང་གི་ཡོད།
    བཅའ་སྡོད་བྱེད་ཡུལ་གསོལ་མགྲོན་ཁང་མདུན་གྱི་ཐང་ཆེན་ཐོག་གི་ཤིང་རྩེར་མེ་ཏོག་བཞད་འགོ་ཚུགས་ཤིང་། ཏའེ་ཁྲུན་གྱིས་ད་ལྟ་ནད་ལྕི་ལྟ་སྐྱོང་ཁང་ནས་ནད་ཁང་གཞན་དུ་བསྒྱུར་བའི་ནད་པ་ཇེ་མང་དུ་འགྲོ་གི་འདུག་པས། དེ་སྔ་ནད་པ་12ནང་ནས་ད་ལྟ་ནད་པ་4ལས་མེད་པ་དང་། ནད་པ་མང་པོ་ཞིག་སྨན་ཁང་ནས་དོན་ཏེ་དྲག་སྐྱེད་བྱུང་སྐབས། སླར་ཡང་ནད་པ་གཞན་དག་ལ་རོགས་རམ་བྱེད་ཀྱི་ཡོད་པ་དང་། ད་ཆ“ཝུའུ་ཧན་དུ་རིམ་བཞིན་དཔྱིད་དྲོད་སླེབས་ནས་མེ་ཏོག་རྣམ་པར་བཞད་བཞིན་ཡོད་པས། ‘རིམས་ནད’འགོག་རྒོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་ཉེར་ཡོད་པའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།