འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་19ཉིན།

༄༅།།བོད་ལྗོངས་ཀྱིས་ན་ནིང་ལོར་གནའ་དཔེ་5889ཡིག་ཚགས་ནང་བཅུག་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་19ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་བོད་ལྗོངས་ཀྱིས་ཡོངས་བཤེར་ཐོ་འགོད་དང་གྲངས་གཞི་ལེགས་སྒྲིག་བྱས་པའི་གནའ་དཔེ་5889ཡིག་ཚགས་ནང་བཅུག་ཡོད། དེ་ལས་བོད་ཡིག་གི་ཡིག་ཆ་གླེགས་བམ་167གྱི་ཤོག་ངོས་24126ཆ་ཚང་གློག་རྡུལ་ཅན་དུ་བཏང་ཚར་བ་དང་། གཞི་གྲངས་བསྡོམས་འབོར་5.94TBཟིན་པའི་རྩ་ཆེའི་བོད་ཡིག་གནའ་དཔེའི་ཡིག་ཚགས་ཀྱི་གཞི་གྲངས་དཔེ་མཛོད་ཅིག་གྲུབ་ཡོད་པ་རེད།
    འདས་ཟིན་པའི་ལོ་ངོ་གཅིག་གི་རིང་ལ། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག་དོ་དམ་ཁྲུའུ་དང་མཉམ་དུ་སོ་སོ་གནའ་དཔེ་གླེགས་བམ་1256དང་གླེགས་བམ་884ལ་ཡོངས་བཤེར་ཐོ་འགོད་བྱས་ཤིང་།  ད་དུང་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་པའི་གནའ་དཔེ་གླེགས་བམ་1188ལ་ཡོངས་བཤེར་བྱས་པ་མ་ཟད། ལྷ་ས་དང་། ལྷོ་ཁ། ཆབ་མདོ་སོགས་ས་ཁུལ་དང་གྲོང་ཁྱེར་གྱི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་གཞན་དག་གི་ཡོངས་བཤེར་གཞི་གྲངས་ཕྱོགས་བསྡུས་དང་། ལེགས་སྒྲིག ཕབ་འཇུག་བཅས་བྱས་པ་རེད། གཞན་ཡང་། གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱིས་ད་དུང་རལ་སྐྱོན་བྱུང་བའི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་532ཉམས་གསོ་བྱས་ཡོད།
    མིག་སྔའི་བར་བོད་ལྗོངས་ཀྱིས་གནའ་དཔེ་གླེགས་བམ་ཁྲི་1.8ལྷག་ཙམ་ལ་ཡོངས་བཤེར་ཐོ་འགོད་བྱས་ཟིན་པ་དང་། གནའ་དཔེ་གླེགས་བམ་291དེ《རྒྱལ་ཁབ་ཀྱི་རྩ་ཆེ་བའི་གནའ་དཔེའི་མིང་གཞུང》ནང་ཚུད་ཡོད། 《གངས་ལྗོངས་གནའ་དཔེའི་གཏེར་མཛོད》སོགས་བོད་ཡིག་གནའ་དཔེ་ཡོངས་བཤེར་སྲུང་སྐྱོབ་གྲུབ་འབྲས་ཀྱི་དཔེ་ཚོགས་རྩོམ་སྒྲིག་དཔེ་སྐྲུན་བྱས་ཟིན་པ་དང་། བསྡོམས་རྩིས་བརྒྱབ་ན་ཉམས་ཉེན་ཆེ་བའི་གནའ་དཔེ་ཤོག་གྲངས་3000ཙམ་ཉམས་གསོ་བྱས་ཡོད་ལ། ད་དུང་གཞི་རིམ་གྱི་གནའ་དཔེ་ཉར་ཚགས་ལས་ཁུངས་14ཡི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་རྣམ་གྲངས་ཀྱང་ལེགས་འགྲུབ་བྱུང་ཡོད་པ་རེད།