འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་18ཉིན།

༄༅།།མཚོ་སྔོན་གྱིས། བྱ་ཐབས་སྣ་མང་སྤྱད་དེ་རིག་གནས་ཡུལ་སྐོར་ཁེ་ལས་ལས་འགོ་བསྐྱར་འཛུགས་ཐུབ་རྒྱུར་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་18ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས། མཚོ་སྔོན་ཚྭ་ཁ་མཛེས་ལྗོངས་ཁུལ་དུ་ལེན་པའི་ཐད་གཏོང་བརྙན་ལམ་ཞིག་ལ་ལྟ་མཁན་མང་པོ་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ཐོན་ལས་འཕེལ་རྒྱས་ཁྲུའི་ལས་དོན་མི་སྣ་ལིའུ་ཡུས་ཁུན་གྱིས། དོན་དངོས་ཐོག་དེ་ནི་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ཆེད་ལས་ལག་རྩལ་ཀུང་སི་དང་མཉམ་ལས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་རོགས་རམ་བྱེད་པའི་བྱ་ཐབས་ཤིག་རེད། “ཐད་གཏོང་བྱེད་པའི་དམིགས་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་སྐད་གྲགས་ཆེ་བའི་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། ཡུལ་སྐོར་བ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པར་ཡོང་བའི་བསམ་འདུན་འགྲུབ་པར་བྱས་ནས། རིམས་ནད་མཇུག་འགྲིལ་རྗེས་མཚོ་སྔོན་གྱི་ཡུལ་སྐོར་འཛད་སྤྱོད་ཀྱི་གཏིང་ཤུགས་འཕེལ་བ་བྱེད་རྒྱུ་དེ་རེད”ཅེས་གསར་འགོད་པར་བརྗོད་པ་རེད།
    ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ལོ་འཁོར་གྱི་རིག་གནས་ཡུལ་སྐོར་ཁེ་ལས་ལ་བྱ་དགའ་ཁ་གསབ་སྤྲོད་པའི་ལས་དོན་སྔོན་ལ་སྤེལ་བ་དང་། རིག་གནས་ཡུལ་སྐོར་ལས་རིགས་བསྐྱར་སྤེལ་གྱི་ཆེད་མ་དངུལ་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། རིག་གནས་ཡུལ་སྐོར་ཁེ་ལས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད། དེ་དང་ཆབས་ཅིག རིག་གནས་ཡུལ་སྐོར་ཁེ་ལས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་རིང་བཏོན་པའི་ཁྲལ་རིན་རྩ་ཆག་དང་། སྤྱི་ཚོགས་འགན་སྲུང་དངུལ་སྤྲོད་རྒྱུ་ནར་འགྱངས། ལས་ཤོར་དངུལ་ཕྱིར་སློག ཁང་གླ་རྩ་ཆག་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལོངས་སུ་སྤྱོད་རྒྱུར་མཛུབ་ཁྲིད་བྱས་པ་དང་སྦྲགས། མ་དངུལ་རྒྱབ་སྐྱོར་དང་། རྣམ་གྲངས་རོགས་སྐྱོར། དྲ་ཐོག་ཤེས་ལྡན་མི་སྣ་གསོ་སྦྱོང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་གསར་གཏོད། གྲངས་འཛིན་རིག་གནས་ཡུལ་སྐོར་གྱི་ལེགས་ཆ་འདོན་སྤེལ་སོགས་ལ་དམིགས་སའི་རང་བཞིན་གྱི་བྱ་ཐབས་བཟོས་ནས། ས་གནས་ཁག་གིས་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཚོད་ལྟའི་གྲོང་ཁྱེར་གཏོད་རྒྱུར་ཁྲིད་སྟོན་བྱས་ཏེ་ཁེ་ལས་འཕེལ་རྒྱས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱས་པ་རེད།