འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་17ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་ཚང་
མ་ལས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་17ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་3ཚེས་14ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་གསལ། ཟླ་3ཚེས་10ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་2དང་ཞིང་ཆེན་རིམ་པའི“འཚེམ་དྲུབ”ཀྱི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་6ཚང་མ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཡོད་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་ལ་ཁྱོན་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་8ཡོད་པར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་851གི་མི་གྲངས་3064ཡོད་པ་རེད། ཉིན་ཤས་བསྟུད་མར་དབུལ་སྐྱོར་ལས་ཞུགས་བཟོ་ཁང་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་ནན་ཏན་དང་། བཟོ་ཁང་གི་བཟོ་པའི་ཆ་འཕྲིན་གྲལ་བཤེར་བསྡོམས་རྩིས། བཟོ་པའི་རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན། དྲིལ་བསྒྲགས་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་སོགས་ཀྱི་ལས་ཀའི་རྨང་གཞིའི་ཐོག་ཁེ་ལས་ཀྱི་བཟོ་པ་410ལ་མཛུབ་ཁྲིད་ནུས་ལྡན་བྱས་པ་དང་སྦྲགས་འཚེམ་དྲུབ་དང་། ཐང་ག འཇིམ་བརྙན་བཅས་ཀྱི་ལག་ཤེས་བཟོ་པ་5600གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཞུགས་པ་རེད།
    “རིམས་ནད་ཐོན་ཚུན། འཚེམ་དྲུབ་རྒྱག་མཁན་བུད་མེད་ཚོས་ཁྱིམ་ནས་མ་ཐོན་པར་རྩེར་སོན་གྱི་ལག་རྩལ་ལ་བརྟེན་ནས་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བསགས་ནས་ཁྱིམ་སྡོད་རིམས་འགོག་དང་འབབ་འཕར་བརྟན་པོ་གཉིས་ཀར་འཐུས་མ་ཤོར་བ་བྱས་ཡོད”ཅེས་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་སུའུ་ལུང་ཀུའུ་འཚེམ་དྲུབ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སུའུ་ཞའོ་ལི་ཡིས་བརྗོད།
    དགོན་ལུང་སུའུ་ལུང་ཀུའུ་བཟོ་ཁང་ནི་ཞིང་ཆེན་རིམ་པའི“འཚེམ་དྲུབ”ཀྱི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་གི་གྲས་ཤིག་ཡིན་ཞིང་། “མཐུན་ཚོགས་+ཀུང་སི་+དུད་ཚང་དབུལ་པོ”དང“འཁོར་ཁང་གི་དཔལ་འབྱོར་+ཐབ་མགོའི་དཔལ་འབྱོར”རྣམ་པར་བརྟེན་ནས་གཉེར་སྐྱོང་བྱེད་ཀྱི་ཡོད། མིག་སྔར་བཟོ་ཁང་དེས་འཚེམ་དྲུབ་ལག་ཤེས་བཟོ་རྩལ་མི་སྣ་285དང་2020ལོའི་དམིགས་ཚད་གན་རྒྱའི་འགན་འཁྲིའི་ཡི་གེ་བཞག་པ་དང་ཆབས་ཅིག་ཐོན་རྫས་6000ཙམ་མངགས་ཟིན་པར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད་པ་རེད།
    “སླད་ཕྱིན་ང་ཚོས་མང་ཚོགས་སྒོ་རྩར་ལས་ཞུགས་ཐུབ་པ་དང་། འབབ་འཕར་ཕྱུག་འགྱུར་གྱི་འཚེམ་དྲུབ་ཁེ་ལས། ཁྱིམ་ཚང་གི་བཟོ་ཁང་། མཉམ་ལས་ཁང་སོགས་ལ་ཕན་པ་ཐོབ་པར་གཙོ་གནད་རོགས་སྐྱོར་བྱས་ནས་འཚེམ་དྲུབ་དང་དབུལ་སྐྱོར་ཟུང་འབྲེལ་གྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་གི་ཡིན”ཞེས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་མངོན་མིན་རིག་གནས་ཤུལ་བཞག་ཁང་གི་འགོ་འཛིན་ཀྲུའུ་ཀུའེ་དབྱིན་གྱིས་བརྗོད། ཁོང་གིས་2020ལོར་མཚོ་སྔོན་ཞིང་ཆེན་གྱིས་སླར་ཡང“འཚེམ་དྲུབ”ཀྱི་དབུལ་སྐྱོར་ལས་ཞུགས་བཟོ་ཁང་10ལ་རོགས་སྐྱོར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་གཞོགས་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།