འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་11ཉིན།

༄༅༎དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་11ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དབུལ་སྒྲོལ་འགག་སྒྲོལ་ཇི་ཙམ་འགག་རྩའི་དུས་སུ་སླེབས་ན་དེ་ཙམ་གྱིས་རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས་ལ། དེ་ཙམ་གྱིས་ངར་ཤུགས་གཅིག་སྒྲིམ་བྱེད་པའི་ཆོད་སེམས་ཡོད་པ་བྱས་ནས། དམག་ཧྲག་དཔུང་འཇུག་དང་འགག་སྒྲོལ་དཀའ་སེལ་གྱིས་ཕྱོགས་ཡོངས་ནས་རྒྱལ་ཁ་མ་ཐོབ་བར་དམག་མཚམས་གཏན་ནས་འཇོག་རྒྱུ་མེད།
     དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་ཕྱིར་བཀོད་སྒྲིག་གལ་ཆེན་གནང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་གིས་ཆོད་སེམས་དེ་བས་ཆེ་བ་དང་ནུས་ཤུགས་དེ་བས་ཆེ་བའི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་སྟེ། མཐའ་མའི་རྒྱལ་ཁ་ཐོབ་རྒྱུར་འགན་ལེན་གནང་ཡོད།
     མིག་སྔ་ནས་བལྟས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཟིན་ལ་ཉེ་བ་དང་། དབུལ་སྒྲོལ་གྱི་འཕེལ་རིམ་སྔོན་དཔག་དང་མཐུན་ཡོད། འོན་ཀྱང་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ནས་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་བར་དུ་འཕྲད་པའི་དཀའ་ཚེགས་དང་འགྲན་སློང་སྔར་བཞིན་ཆེན་པོ་ཡོད། རྒྱལ་ཡོངས་སུ་ད་དུང་ཡང་དབུལ་ཞྭ་འཕུད་རྒྱུའི་རྫོང་52ཡོད་པ་དང་། གྲོང་ཚོ་དབུལ་པོ་2707གྲལ་ནས་ཐོན་མེད་པ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་མེད། མ་གཞི་འདས་པའི་དུས་དང་བསྡུར་ན་སྤྱི་འབོར་ཕོན་ཆེན་པོ་མེད་ཀྱང་ཚང་མ་དབུལ་པོ་དབུལ་རྐྱང་དང་དཀའ་ངལ་ཆེ་ཤོས་ཡིན་པ་མ་ཟད། གཏོར་ཁག་ཤོས་ཀྱི་མཁྲེགས་ས་ཡང་རེད། དེ་དང་ཆབས་ཅིག ཏོག་གསར་གློ་ཚད་ཀྱིས་བཟོས་པའི་འགྲན་སློང་གསར་པས་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པར་དཀའ་ཚེགས་ཆེན་པོ་བཟོས་ཡོད། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། དཀའ་ངལ་གདོང་གིས་བསུ་བ་དང་གྲོང་རྒོལ་མཁར་གཏོར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཚེ། གཞི་ནས་ཏང་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་ཐུབ་ནས། ང་ཚོའི་ཏང་གི་ཁས་ལེན་ནན་པོ་མངོན་འགྱུར་བྱེད་ཐུབ།
     དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་པར། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བྱས་ནས་གཏན་ལ་ཕབ་པའི་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་ལོ་གཅིག་གི་ལས་དོན་སྐོར་ལ《“ཞིང་གསུམ”ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འགན་ལེན་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ནང་བཀོད་སྒྲིག་བྱས་ཟིན་པས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཁུལ་དབྱེ་རིམ་དབྱེའི་ཐོག་ནས་གནད་སྨིན་གྱི་སྔོན་འགོག་ཚོད་འཛིན་ཐབས་ཇུས་དོན་འཁྱོལ་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ཚད་གཞི་དམའ་ཤོས་སུ་ཚོད་འཛིན་བྱེད་དགོས། མུ་མཐུད་ནས“ཁུལ་གསུམ་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་དམིགས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་གཞི་དོན་འཁྱོལ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་དགོས། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ལྷག་མ་དུས་བཀག་ལྟར་དབུལ་སྒྲོལ་ཡོང་བའི་འགན་ལེན་བྱས་ཏེ། དབུལ་ཞྭ་ཕུད་མེད་པའི་རྫོང་52དང་གྲོང་ཚོ་དབུལ་པོ་1113ལ་སྒོ་བྱང་བཀལ་ནས་འགག་སྒྲོལ་དམག་འཐབ་ལ་ལྟ་སྐུལ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་དཀའ་ས་དང་མཁྲེགས་སར་ལྟ་སྐུལ་བྱེད་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་སེམས་ནུས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་བརྒྱབ་སྟེ་མཐའ་མའི་མཁྲེགས་ས་གཏོར་དགོས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་པོ་རང་ལོག་སྔོན་འགོག་བྱེད་དགོས། ངལ་རྩོལ་ནུས་ཤུགས་མེད་པའི་དམིགས་བསལ་གྱི་མི་འབོར་དབུལ་པོར་སྤྱི་ཚོགས་འགན་ལེན་གྱི་ཐ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱེད་དགོས།
     དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་པར། ཐབས་མང་མཉམ་སྤྱོད་ཀྱིས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ལས་ཞུགས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དབུལ་པོ་རང་ལོག་ལ་འགོག་ཟོན་བྱེད་པའི་ལྟ་སྐུལ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཛུགས་མགྱོགས་སུ་བཏང་ནས། ཕྱིར་འཐེན་བྱས་པའི་རྫོང་དབུལ་པོ་དང་། གྲོང་ཚོ་དབུལ་པོ། མི་འབོར་དབུལ་པོ་བཅས་ལ་མུ་མཐུད་རོགས་སྐྱོར་བྱས་ཏེ། བར་བརྒལ་བྱེད་རིང་དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མཚམས་མི་འཇོག་པ་དང་། སྲིད་ཇུས་མཚམས་མི་འཇོག་པ། རོགས་སྐྱོར་མཚམས་མི་འཇོག་པ། ལྟ་འདོམས་མཚམས་མི་འཇོག་པ་བཅས་ནན་པོ་བྱེད་དགོས། དཔྱད་ཞིབ་ནན་པོ་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་བྱེད་པ་དང་ཕྱིར་འཐེན་གྱི་འགག་སྒོ་ནན་པོར་བསྲུངས་ཏེ། གྲངས་གཞིའི་དབུལ་སྒྲོལ་དང་དབུལ་སྒྲོལ་རྫུན་མ་གཏན་འགོག་མཐའ་གཅིག་ཏུ་བྱས་ཐོག དབུལ་སྒྲོལ་ཕན་འབྲས་ཀྱིས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། དབུལ་ཞྭ་འཕུད་པ་ནི་མཇུག་གནས་མིན་པར། དེ་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་ཡིན་པས། མུ་མཐུད་ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ་དང་། དབུལ་པོ་ཉུང་གཏོང་གི་འཐབ་ཇུས་དང་ལས་ཀའི་མ་ལག་བརྟན་པོའི་ངང་ཕྱོགས་སྒྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་འཐབ་ཇུས་ནང་འཇུག་རྒྱུར་སྤྱི་འདོམས་བྱེད་པ། རིང་ཐུང་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ། དར་རྒྱས་བྱུང་མེད་པའི་ས་ཁུལ་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་འཕེལ་རྒྱས་གཏོང་བའི་ནང་སྐྱེས་སྒུག་ཤུགས་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། གནད་སྨིན་རོགས་སྐྱོར་ལག་བསྟར་བྱས་ནས་རིམ་བཞིན་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་དགོས།
     གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུས་བཅད་ལྟར་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་པ། ས་ཁོངས་རང་བཞིན་གྱི་སྤྱིའི་དབུལ་ཕོངས་དབུལ་པོ་སེལ་བ་བཅས་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐའ་ཚད་ཀྱི་ལས་འགན་རེད། མཐའ་ཚད་ཀྱི་ལས་འགན་དེ་ཡང་དུ་གཏན་ནས་མི་གཏོང་ལ། ང་ཚོའི་ཏང་གིས་མི་དམངས་ལ་ཁས་བླངས་པའི་དམ་བཅའ་དེ་ངེས་པར་དུ་དུས་བཅད་ལྟར་མངོན་འགྱུར་བྱེད་པ་ལས། ཕྱིར་འཐེན་དང་སྣོན་འཕྲི་བྱེད་ས་ཅི་ཡང་མེད། ད་ཆ། གདོང་མཆོང་དུང་བརྡ་བཏང་ཟིན་པས་ང་ཚོས་ཡིད་ཆེས་བརྟན་པོས་གཡོ་འགུལ་མི་གཏོང་བ་དང་དམིགས་ཚད་དམ་པོར་བཟུང་སྟེ་ལྷོད་གཡེང་མི་གཏོང་བར་བློ་སྟོབས་ཆེར་བསྐྱེད་དང་། སྤྲོ་སེམས་རབ་ཏུ་འཁོལ་བ། སྙིང་སྟོབས་རབ་ཏུ་འཕེལ་བ་བཅས་ཀྱི་ཐོག་ནས་འགག་སྒྲོལ་གྱི་མཉམ་ཤུགས་གཅིག་སྒྲིལ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་དམག་འཐབ་བརྒྱབ་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོན་པོས་ལེགས་གྲུབ་བྱས་ནས་དུས་བཅད་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འགན་ལེན་བྱེད་དགོས།