འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་11ཉིན།

༄༅༎རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་10ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་འགྲུབ་བྱེད་པར་མ་གཞི་ནས་མཁྲེགས་ས་མང་པོ་གཏོར་དགོས་པའི་ཐོག ཏོག་གསར་གློ་ཚད་ཀྱིས་དཀའ་ཚེགས་ཆེ་རུ་བཏང་བས། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་འཕྲད་པའི་དཀའ་ངལ་དང་འགྲན་སློང་དེ་བས་ཆེ་བས་ན། ངེས་པར་དུ་ཚད་མཐོའི་མཐོང་ཆེན་གྱིས་ལྷོད་གཡེང་དང་སྣང་ཆུང་གཏན་ནས་བྱེད་མི་རུང་།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་དབུལ་སྒྲོལ་འགག་སྒྲོལ་ལ་འཕྲད་པའི་དཀའ་ཚེགས་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་འཛོམས་པའི་ཕན་ཡོད་ཆ་རྐྱེན་གསལ་འགྲེལ་གཏིང་ཟབ་གནང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་འགན་དང་བྱ་ཐབས་གལ་ཆེན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་ཁ་གསལ་བཏོན་གནང་བ་བཅས་ཀྱི་ཐོག་ནས་དུས་བཅད་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འགན་ལེན་བྱེད་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཏང་ཡོངས་དང་རྒྱལ་ཡོངས་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འོན་ཀྱང་ངེས་པར་དུ་རིག་པ་དྭངས་གསལ་གྱིས་མཐོང་དགོས་པར། “ལེ་དབར་བརྒྱ་ཡི་ལམ་ཐག་ལས། དགུ་བཅུ་བསྐྱོད་ཚེ་ཕྱེད་ཀར་བརྩི”ཞེས་པར་ལྟར། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ནི་བདེ་བདེ་ལྷོད་ལྷོད་ཀྱིས་གདོང་མཆོང་བྱེད་ཐེངས་གཅིག་ལ་རྣམ་པར་རྒྱལ་ཐུབ་པ་ཞིག་མིན། ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ནས་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པའི་བར་ད་དུང་ཡང་དཀའ་ཚེགས་ཆེ་ཤོས་ཀྱི་ཆེས་མཇུག་མཐའི་ལམ་བུ་ཞིག་བརྒྱུད་དགོས་པ་དང་། ད་དུང་ཡང་གཏོར་ཁག་ཤོས་ཀྱི་མཁྲེགས་ས་གཏོར་དགོས་པས། དབུལ་སྒྲོལ་འགག་སྒྲོལ་ལྷག་མའི་ལས་འགན་ལྕི་ལ། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་དཀའ་ཚེགས་ཤིན་ཏུ་ཆེ། ལྷག་པར་དུ། རིམས་ནད་ཀྱིས་རྐྱེན་པས་ས་གནས་འགར་ཕྱིར་གླ་པར་འགྲོ་རྒྱུར་འགོག་རྐྱེན་ཕོག་པ་དང་། དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་དང་ཐོན་ལས་དབུལ་སྐྱོར་ལ་དཀའ་ངལ་ཆེ་བ་དང་དབུལ་སྐྱོར་རྣམ་གྲངས་ལས་མཚམས་འཇོག་དགོས་འཁེལ་བ་མ་ཟད། རིམས་ནད་ཚབས་ཆེ་བའི་ས་ཁུལ་འགར་རོགས་སྐྱོར་ལས་དོན་ལ་ཤུགས་རྐྱེན་ཐེབས་པ་སོགས་བྱུང་ཡོད། དཀའ་ཚེགས་དང་འགྲན་སློང་དེ་དག་ལ་ཁ་གཏད་གཅོག་སྐབས་ངེས་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པའི་དཔའ་ངར་དང་། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་ཐབས་ཇུས། སྒྲིག་འཛུགས་དང་ལག་བསྟར་ནུས་པ་བཅས་ལ་བརྟེན་ནས། ནུས་ཤུགས་དང་སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།
     རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར། གདེང་ཚོད་བརྟན་དུ་གཏོང་བ་དང་། རིག་པ་རྩེ་གཅིག་ཏུ་སྒྲིམ་པ། ནུས་ཤུགས་གང་ཡོད་འདོན་པ་བཅས་བྱེད་དགོས། དོན་དངོས་ལ་བལྟས་ན། རིམས་ནད་དམ་གནོད་འཚེས་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་ཤུགས་རྐྱེན་བཟོ་སྲིད་མོད། འོན་ཀྱང་རིམས་ནད་ཀྱི་རྡབ་རྡེག་ནི་དུས་ཡུན་ཐུང་བ་དང་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་པ་ཞིག་རེད། མིག་སྔར། རྒྱལ་ཡོངས་གོང་འོག་ཀུན་གྱིས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལེགས་ཕྱོགས་སུ་རྒྱུན་བསྲིང་ཐུབ་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་བཞིན་ཡོད། ང་ཚོས་འབྲེལ་ཡོད་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་སླ་པོར་བྱུང་བ་ཞིག་མིན་པའི་འཕེལ་ཚུལ་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་བཏང་ཐུབ་ཚེ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པར་ཆ་རྐྱེན་གཏོད་ཐུབ། དེ་བས་མཐོང་དགོས་པ་ཞིག་ལ། དབུལ་སྒྲོལ་གྱི་འཕེལ་རིམ་སྔོན་དཔག་དང་མཐུན་ཡོད་པས། ང་ཚོར་ཐོབ་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལས་མཐའ་མའི་རྒྱལ་ཁ་ལེན་པར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད། ད་ཆ། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ཀྱི་འགན་ལེན་དང་། མ་དངུལ་གྱི་རྒྱབ་སྐྱོར། ལས་ཀའི་སྟོབས་ཤུགས་བཅས་འདང་ངེས་ཡོད་ལ། རིམ་ཁག་ལས་བྱེད་པས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡང་བསགས་ཡོད། འགག་རྩ་ནི་ལྷོད་གཡེང་སྣང་མེད་དང་སེམས་ནུས་ཁ་སྒྱུར་ལ་འགོག་ཟོན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ལྷོད་གཡེང་གཏན་ནས་གཏོང་མི་རུང་། དེ་ནི་དམག་འཐབ་དྲག་པོ་ཞིག་ཡིན་པས། ཇི་ཙམ་མཐའ་མཇུག་ཏུ་སླེབས་ན་དེ་ཙམ་གྱིས་རིག་པ་སྒྲིམ་དགོས་པ་ལས། མཚམས་འཇོག་དང་། སྣང་མེད། ལྷོད་གཡེང་བཅས་བྱེད་མི་རུང་བར་ངོས་འཛིན་གཏིང་ཟབ་བྱེད་དགོས། ང་ཚོས་རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་བརྟན་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཚེ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་ཆ་རྐྱེན་དང་འཇོན་ཐང་རྦད་དེ་ལྡན་ཡོད།
     རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར། ཁུལ་དབྱེ་རིམ་དབྱེའི་ཐོག་ནས་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་གནད་ལ་འཁེལ་པོ་དོན་འཁྱོལ་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཆུང་ཤོས་བཟོ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་གཟབ་ནན་བྱས་ཏེ། མུ་མཐུད་དམ་འཛིན་ལྷོད་མེད་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་དགོས། རིམས་ནད་ཚབས་ཆེ་བའི་ཁུལ་དུ་གཙོ་གནད་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག ལས་ཀའི་བྱ་ཐབས་གསར་གཏོད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ཕྱོགས་གཉིས་ཀར་དམ་འཛིན་བྱེད་པ་དང་ཕྱོགས་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱེད་དགོས། རིམས་ནད་མེད་པའམ་རིམས་ནད་ཚབས་ཅུང་ཆུང་བའི་ས་ཁུལ་གྱིས་སེམས་ནུས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་གང་མགྱོགས་སྐུལ་འདེད་གཏོང་བ་དང་། ངལ་ནུས་དབུལ་པོ་སྔོན་ལ་ལས་ཞུགས་ཐུབ་པར་རྒྱབ་སྐྱོར་བྱས་ཏེ། ཐབས་ལམ་སྣ་ཚོགས་སྤྱད་ནས་ཞིང་ལས་ཐོན་རྫས་འཚོང་དཀའ་བའི་གནད་དོན་སེལ་དགོས། དབུལ་སྐྱོར་ཐོན་ལས་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། དབུལ་སྐྱོར་རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་མགྱོགས་སུ་གཏོང་བ་དང་། དབུལ་སྐྱོར་ཐོན་ལས་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིམས་ནད་རྐྱེན་གྱིས་དབུལ་པོ་ཆགས་པ་དང་དབུལ་པོ་རང་ལོག་ཐེབས་པའི་མི་འབོར་ལ་རོགས་སྐྱོར་ཡག་པོ་བྱས་ནས། ཁོང་ཚོའི་གཞི་རྩའི་འཚོ་བར་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་ཡོད་ཚད་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་འགོག་ཟོན་མཐའ་གཅིག་ཏུ་བྱེད་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས། གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པ་བློ་རྩེ་གཅིག་སྒྲིམ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཞུགས་སུ་འཇུག་དགོས།
     དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནི་དཀའ་ཚེགས་ཤིན་ཏུ་ཆེ་བ་ཞིག་ཡིན་པའི་ཐོག་མཇུག་བསྡུའི་ལོ་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས། ལས་དོན་ཁག་གི་ལས་འགན་དེ་བས་ལྕི་བ་དང་བླང་བྱ་དེ་བས་མཐོ་བ་ཡོད། ང་ཚོས་ངེས་པར་དུ་གདེང་ཚོད་བརྟན་གཏོང་དང་འབད་འཐབ་ལྷོད་མེད་བྱས་ནས། ཆོད་སེམས་དེ་བས་ཆེ་བ་དང་ནུས་ཤུགས་དེ་བས་ཆེ་བའི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་སྟེ། དུས་བཅད་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་པར་འགན་ལེན་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་མཇུག་ཡག་པོ་བསྡུ་ཐུབ་པའི་འགན་ལེན་བྱེད་དགོས།