འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་27ཉིན།

༄༅༎ཕྱི་འབྲེལ་པུས《ཧྭའར་ཁྲོམ་གཞུང་ཉིན་རེའི་ཚགས་པར》གྱིས་རང་འདོད་ཁེར་སྒྲུབ་བྱས་ན་
དེ་མཚུངས་ཀྱི་མཇུག་འབྲས་འཁུར་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་25ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཚེས་24ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག《ཧྭའར་ཁྲོམ་གཞུང་ཉིན་རེའི་ཚགས་པར》དང་འབྲེལ་བའི་དྲི་བར་ལན་འདེབས་སྐབས། བསམ་ངན་ཁོག་བཅངས་ཀྱིས་དམའ་འབེབས་དང་ནག་བཟོ་བྱེད་པའི་མདུན་དུ་ཀྲུང་གོས“ཁ་རོག་སྡོད་པའི་ལུ་གུ”བྱེད་མི་སྲིད། 《ཧྭའར་ཁྲོམ་གཞུང་ཉིན་རེའི་ཚགས་པར》གྱིས་རང་འདོད་ཁེར་སྒྲུབ་བྱས་ན་དེ་མཚུངས་ཀྱི་མཇུག་འབྲས་འཁུར་དགོས་ཞེས་བཤད་པ་རེད།
     གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར《ཧྭའར་ཁྲོམ་གཞུང་ཉིན་རེའི་ཚགས་པར》གྱི་ལས་བཟོ་53གྱིས་མིང་མཉམ་འགོད་ཀྱིས་ཚགས་པར་དེའི་དོ་དམ་རིམ་པར་སྦྲག་ཡིག་བསྐུར་ཏེ་དེ་གོང་འགྲེམས་སྤེལ་བྱས་པའི《ཀྲུང་གོ་ནི་ཨེ་ཤེ་ཡའི་ནད་རོ་ངོ་མ་ཡིན》ཞེས་པའི་རྩོམ་ཡིག་གི་ཁ་བྱང་ལ་བཟོ་བཅོས་རྒྱག་དགོས་པ་དང་འབྲེལ་ཕོག་ཐུག་ཕོག་མཁན་ལ་དགོངས་སེལ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད། སྦྲག་ཡིག་ཐོག“འདི་ནི་རྩོམ་སྒྲིག་གི་རང་ཚུགས་རང་བཞིན་གྱི་གནད་དོན་ཞིག་མིན་ལ། གསར་འགྱུར་གཏོང་སྤེལ་དང་དཔྱད་གཏམ་དབར་དབྱེ་བ་འབྱེད་པའི་གནད་དོན་ཞིག་ཀྱང་མིན། དེ་ནི་ནོར་འཁྲུལ་གྱི་ཁ་བྱང་ཞིག་ཡིན་ཞིང་། དེས་ཀྲུང་གོ་བ་ཚུད་པའི་མི་མང་པོ་ཞིག་ལ་ཕོག་ཐུག་གཏིང་ཟབ་བཏང་ཡོད”ཅེས་བཀོད་ཡོད། འོན་ཀྱང་ཚགས་པར་དེའི་མགྲིན་ཚབ་པས《ཧྭའར་ཁྲོམ་གཞུང་ཉིན་རེའི་ཚགས་པར》གྱི་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་ཅེས་བཤད་པ་རེད།
     དེའི་ཐད་ཀྲའོ་ལི་ཅན་གྱིས་བསམ་ངན་ཁོག་བཅངས་ཀྱིས་དམའ་འབེབས་དང་ནག་བཟོ་བྱེད་པའི་མདུན་དུ་ཀྲུང་གོས“ཁ་རོག་སྡོད་པའི་ལུ་གུ”བྱེད་མི་སྲིད། ཚགས་པར་དེས་གསར་འགྱུར་གཏོང་སྤེལ་དང་དཔྱད་གཏམ་ཕན་ཚུན་རང་ཚུགས་ཡིན་པར་ཁ་གཡར་ནས་རང་འགན་གཞན་དཀྲི་བྱས་པར་གནད་ལུགས་མེད་ཅེས་བརྗོད་པ་རེད།
     ཀྲའོ་ལི་ཅན་གྱིས“《ཧྭའར་ཁྲོམ་གཞུང་ཉིན་རེའི་ཚགས་པར》ཡང་སྙིང་སུས་འགན་འཁུར་གྱི་ཡོད་དམ། སུས་གདོང་སྟོན་ནས་དགོངས་དག་ཞུ་དགོས་སམ། 《ཧྭའར་ཁྲོམ་གཞུང་ཉིན་རེའི་ཚགས་པར》ལ་མིར་ཧམ་པ་ཆེན་པོས་ཚིག་ངན་སྨྲ་བའི་ནུས་པ་ཡོད་ཚེ་དགོངས་དག་ཞུ་བའི་བློ་སྟོབས་མེད་པའི་རྒྱུ་མཚན་གང་ཡིན་ནམ། འཛམ་གླིང་ཐོག《ཧྭའར་ཁྲོམ་གཞུང་ཉིན་རེའི་ཚགས་པར》གཅིག་ལས་མེད། ཚགས་པར་དེས་རང་འདོད་ཁེར་སྒྲུབ་བྱས་ན་དེ་མཚུངས་ཀྱི་མཇུག་འབྲས་འཁུར་དགོས་ཞེས་བཤད་པ་རེད།