འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་21ཉིན།

༄༅༎རིམས་འགོག་གི་འཐབ་ས་དང་པོའི“མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ལྔ”

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     “ང་ཚོ་གྲོགས་མོ་ལྔ་པོས་ཡང་བསྐྱར་མཉམ་དུ་དམག་འཐབ་ལ་ཞུགས་ཏེ་ཏང་ཡོན་རྒན་གྲས་ཀྱི་རྐང་འཛིན་གྱི་ནུས་པ་ཡག་པོ་འདོན་དགོས”ཞེས་ཟླ་2ཚེས་17ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ཙམ་ལ་ཧོ་ཧྲེན་ཧྲན་སྨན་ཁང་ནད་སྐྱོང་པུའི་ཀྲུའུ་རེན་གཞོན་པ་སུང་ཚའེ་ཕིང་གིས་ཝུའུ་ཧན་ཐའེ་ཁང་ཐུང་ཅིས་སྨན་ཁང་གི་སྨན་གཡོག་དཔོན་ཐང་ཐང་ལ་སྐད་འཕྲིན་ཞིག་བསྐུར།
     “སླར་ཡང་མཉམ་འཛོམས་བྱུང་བ་ལས་སླ་པོ་མིན། ངེས་པར་དུ་རང་ནུས་ཡོད་རྒུ་འདོན་གྱི་ཡིན”ཞེས་ནམ་ཕྱེད་ཟིན་རུང་ད་དུང་གཉིད་དུ་ཡུར་ཐབས་བྲལ་བའི་ཐང་ཐང་གིས་ལན་བརྒྱབ།
     སུང་ཚའེ་ཕིང་གིས་བརྗོད་པའི“གྲོགས་མོ་ལྔ་པོ”ནི་སྐམ་དམག་དམག་མིའི་སྨན་ཁང་སློབ་ཆེན་གྱི་རྐང་འཛིན་སྨན་གཡོག་ལྔ་པོ་ཡིན་ཞིང་། ཁོང་རང་ཉིད་དང་། ཀྲང་ལིད་མིན། ཕེང་ཡུས། ཐང་ཐང་། ལུའོ་ཁྲུན་མེ་བཅས་རེད། འཚོ་བའི་ཁྲོད་ཁོང་ཚོ་ནི་གྲོགས་མོ་ཡག་ཤོས་དང་ལས་ཀའི་ཁྲོད་འཐབ་གྲོགས་ཡག་ཤོས་རེད། ཡོམ་འགོག་གེགས་སེལ་ནས་ཨེ་པོ་ལ་ནད་དུག་ལ་འགོག་རྒོལ་བྱེད་པའི་བར། འཕྲོད་བསྟེན་ལས་སྒྲུབ་ཀྱི་ལས་འགན་ཆེ་གྲས་ཐེངས་མང་ལ་ཁོང་ཚོ་མཉམ་དུ་ཞུགས་མྱོང་བས། ལས་རོགས་ཚོས་ཁོང་ཚོར་འཕྲོད་བསྟེན་ལས་སྒྲུབ་འཐབ་སའི“མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ལྔ”ཞེས་བསྔགས་བརྗོད་ཀྱི་མཐེ་བོང་སྒྲེང་གི་ཡོད།
     ཏོག་གསར་གློ་ཚད་རིམས་ནད་གློ་བུར་དུ་ཐོན་རྗེས། འགོ་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཁོང་ཚོས་ཕན་ཚུན་ཁ་པར་བརྒྱབ་སྟེ། གལ་ཏེ་སྨན་བཅོས་རུ་ཁག་བཏང་ཚེ་ང་ཚོ་ལྔ་པོ་ངེས་པར་དུ་མཉམ་དུ་འགྲོ་ཞེས་བཤད། གནམ་གང་དགོང་མོ་ཧུའུ་པེར་རོགས་སྐྱོར་བྱེད་པའི་བཅིངས་འགྲོལ་དམག་སྨན་བཅོས་རུ་ཁག་ཛ་དྲག་ངང་ཐོན་ཞིང་། དེའི་ནང་སུང་ཚའེ་ཕིང་དང་། ཀྲང་ལིད་མིན། ཕེང་ཡུས་བཅས་རང་གི་རེ་འདུན་བཞིན་འགྲོ་རྒྱུ་བྱུང་།
     ཐང་ཐང་དང་ལུའོ་ཁྲུན་མེ་ཕ་ཡུལ་ནས་བྲེལ་འཚུབ་ངང་སླེབས་དུས་རུ་ཁག་རྡོག་ཐོན་ཟིན་པས་ཁོང་གཉིས་པོ་ཡིད་ཧ་ཅང་ཕམ་པོ་བྱུང་། “ཁྱེད་ཚོ་སྔོན་ལ་སོང་དང་། གལ་ཏེ་ཁག་གཉིས་པ་ཡོད་ཚེ་ང་གཉིས་ངེས་པར་དུ་རུ་ཁག་དང་མཉམ་དུ་ཡོང་གི་ཡིན”ཞེས་ལུའོ་ཁྲུན་མེས་སྔོན་ལ་ཐོན་པའི་གྲོགས་མོ་གསུམ་པོར་འཕྲིན་ཐུང་བསྐུར་ཞོར་ཐང་ཐང་གི་ལག་ནས་འཐེན་ཏེ་སྨན་ཁང་གི་ཏང་ཨུད་ལ་ཡང་བསྐྱར་འགྲོ་རྒྱུའི་རེ་བ་ཞུ་བར་ཕྱིན་པས་ཁོང་གཉིས་པོ་གྲ་སྒྲིག་རུ་ཁག་ལ་བཅུག
     རིམས་ནད་ཛ་དྲག་ཏུ་ཕྱིན་པས་ཟླ་2ཚེས་13ཉིན་གྱི་ཐོ་རེངས་ལུའོ་ཁྲུན་མེ་དང་ཐང་ཐང་གཉིས་ཀྱང་ཝུའུ་ཧན་ལ་དཔུང་རོགས་སུ་རྡོག་ཐོན་བྱེད་དགོས་པའི་བཀའ་འབྱོར།
     ལུའོ་ཁྲུན་མེ་དང་ཐང་ཐང་གཉིས་པོ་ཝུའུ་ཧན་དུ་འབྱོར་མ་ཐག་ཐའེ་ཁང་ཐུང་ཅིས་སྨན་ཁང་དུ་ལས་ཀ་བྱེད་པར་བསྐྱོད། ཟླ་2ཚེས་15ཉིན་ཐང་ཐང་གིས་རླུང་འགྲོ་དམ་པའི་འགོག་སྲུང་གྱོན་གོས་གྱོན་ཏེ་ཐེངས་གཉིས་བསྟུད་མར་ནད་ཁང་དུ་བསྐྱོད་ནས་ལས་ཀ་ཆུ་ཚོད་8བྱས་པ་དང་། སུང་ཚའེ་ཕིང་གིས་བཤད་པའི་ནད་ཁང་ཁུལ་དབྱེ་འབྱེད་དང་བརྒྱུད་རིམ་ཇུས་འགོད་ཀྱི་ཉམས་མྱོང་གཞིར་བཟུང་། ནད་པའི་ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་ཞིབ་ཚགས་སུ་དང་ཚད་ལྡན་དུ་བཏང་ཡོད། གསར་དུ་སླེབས་པའི་སྨན་བཅོས་རུ་ཁག་ལས་འགན་བསྒྲུབ་ཁུལ་དུ་འབྱོར་ནས་ཉིན་མཚན་གཅིག་ཀྱང་མ་འགོར་བར་བདེ་བླག་ངང་ལས་དོན་སྒྲུབ་པར་གོམས། མཉམ་ལས་ལ་གྲུབ་འབྲས་རགས་ཙམ་ཐོན་པ་ལས་གྲོགས་མོ་ལྔ་པོར་སེམས་འགུལ་ཚད་མེད་ཐེབས་བཞིན་ཕན་ཚུན་ལ་མུ་མཐུད་ཤུགས་རྒྱོབ་ཅེས་བཤད།