༄༅༎ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་བདུན་པའི་ནད་པ་སྨན་ཁང་ནས་དོན་པ་དང་འཛུལ་བའི་གྲངས་འབོར་ཐོག་མར་དོ་སྙོམས་བྱུང་བ།
གསར་འགྱུར་སྤེལ་དུས། 【2020ལོའི་ཟླ་ 02ཚེས་21ཉིན། 09:37】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཧྲི་ཅ་ཀྲོང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་18ཉིན་ཧོ་པེའི་སྨན་བཅོས་རུ་ཁག་བཅའ་སྡོད་བྱས་པའི་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་བདུན་པའི་སྨན་ཁང་དུ་སྡོད་མཁན་ནད་པ་དང་སྨན་ཁང་ནས་དོན་མཁན་ནད་པའི་གྲངས་འབོར་ཐོག་མར་དོ་སྙོམས་བྱུང་ཡོད། ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་བདུན་པར་ཉིན་རེར་སྨན་ཁང་དུ་སྡོད་མུས་ཀྱི་ནད་པ་290ཙམ་ཡོད་པ་དང་ཉེན་ཁ་ཆེ་བ་དང་ནད་གཞི་ལྕི་བའི་ནད་པས་དེའི་ཕྱེད་ཀ་ཙམ་ཟིན་གྱི་ཡོད། མིག་སྔར་ནད་པ་130ལྷག་ཙམ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་རེད། ཧོ་པེ་ཞིང་ཆེན་སྨན་བཅོས་རུ་ཁག་གིས་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་བདུན་པའི་ནད་ཁུལ་བཞི་དང་། དེ་བཞིན་ལས་འགན་ལྕི་བ་དང་འགོ་ནད་ཀྱི་ཉེན་ཁ་ཆེ་བའི་ནད་གཞི་ལྕི་བའི་ལྟ་སྐྱོང་ཁང་། ཞིབ་བཤེར་ཁོའོ་བཅས་ཀྱི་སྨན་བཅོས་སྐྱོབ་བཅོས་ཀྱི་ལས་ཀའི་འགན་གཙོ་བོ་འཁུར་གྱི་ཡོད། ཝུའུ་ཧན་དུ་སླེབས་ནས་ཉིན་23སོང་རིང་། ཧོ་པེ་ཞིང་ཆེན་སྨན་བཅོས་རུ་ཁག་གིས་དཀའ་ངལ་ལ་མི་འཛེམ་ཞིང་རང་སྲོག་ཤོར་བར་མི་སྐྲག་པར་ཝུའུ་ཧན་སློབ་ཆེན་གྱི་ཀྲུང་ནན་སྨན་ཁང་དང་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་བདུན་པ་དང་ལྷག་བསམ་ཟོལ་མེད་ངང་མཉམ་ལས་བྱས་ཏེ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏོག་གསར་གློ་ཚད་སྨན་བཅོས་ཇུས་གཞིའི་བླང་བྱ་གཞིར་བཟུང་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྨན་བཅོས་ཇུས་གཞི་དང་སྨན་ཁང་ནས་དོན་པའི་ཚད་གཞི་བཟོས་པ་མ་ཟད། ནད་ཁྲི་འཁོར་རྒྱུག་བྱེད་ཚད་མགྱོགས་སུ་བཏང་བ་དང་གང་ཐུབ་ཅི་ཐུབ་ཀྱིས་ནད་པ་དེ་བས་མང་བ་སྨན་ཁང་དུ་ཉར་བ་མ་ཟད། ཉར་དགོས་རིགས་ཚང་མ་ཉར་བ་དང་སྨན་བཅོས་བྱེད་དགོས་རིགས་ཚང་མར་སྨན་བཅོས་གང་ཐུབ་བྱས་ཡོད། ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་བདུན་པ་ཏོག་གསར་གློ་ཚད་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་དུ་གཏན་འཁེལ་བྱས་རྗེས། ཁྱོན་ནད་པ་མི་ཐེངས་14984ལ་སྨན་བཅོས་བྱས་པ་དང་། ནད་ཁང་དུ་བསྡད་པའི་ནད་པ་442ཡོད། ནད་པ་མང་དུས་ཉིན་རེར་ཚ་ནད་སྒོ་བསྟེན་སྨན་ཁང་དུ་ནད་པ་1380ཟིན་གྱི་ཡོད།