འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་21ཉིན།

༄༅༎ཀྲུང་གོ་རིམས་ནད་ལས་རྣམ་པར་རྒྱལ་ངེས་རེད།

—— རྒྱལ་ཁབ་མང་པོའི་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་ རིགས་ཀྱིས་ཀྲུང་གོས་རིམས་ནད་འགོག་རྒོལ་ཐད་འབད་བརྩོན་བྱས་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་21ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར་ཕྱི་རྒྱལ་གྱི་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་འགའ་ཞིག་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་འབད་བརྩོན་བྱས་པར་གདེང་འཇོག་བཟང་པོ་བྱས་པ་དང་ཀྲུང་གོ་ཕྱོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཝེ་ནེ་ཙུའེ་ལའི་ཙུང་ཐུང་གཞོན་པ་ཏེར་ཤིས·ལུའོ་ཏེ་ལི་ཀེ་སིས་ཝེ་ནེ་ཙུའེ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་པའོ་རུང་དང་ཏོག་གསར་གློ་ཚད་རིམས་ནད་ཐད་ཀྱི་ལྟ་ཚུལ་སྤེལ་རེས་བྱེད་སྐབས་ཝེ་ནེ་ཙུའེ་ལ་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་བའི་ཁྲོད་མངོན་པའི་འགོ་ཁྲིད་ཀྱི་ནུས་པ་དང་། སྒྲིག་འཛུགས་ཀྱི་ནུས་པ། ལས་ཕྱོད་ཆེན་པོ་བཅས་ལ་བསྔགས་བརྗོད་བྱས་ཏེ་ཀྲུང་གོ་ཕྱོགས་ལ་མུ་མཐུད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     བྷོ་ཧེར་གྲོས་ཚོགས་ཀྱི་མི་རིགས་ཁང་གི་རེས་སྐོར་ཀྲུའུ་ཞི་ཏེ་ལ་ཀན·ཆའོ་ཝེ་ཆིས་བྷོ་ཧེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅིས་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ་ཏོག་གསར་གློ་ཚད་དེ་རྒྱལ་མཚམས་ཀྱི་དབྱེ་བ་མེད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཞིག་ཏུ་གྱུར་ཡོད། ངས་ཀྲུང་གོར་རིམས་ནད་ཐོན་པར་གདུང་སེམས་མཉམ་སྐྱེ་བྱེད་པ་དང་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་འབད་བརྩོན་བྱས་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
     ཁོ་ལོམ་པི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཁེ་ལའོ་ཏི་ཡ·པུ་ལུའུ་མུའུ་ཡིས་ཁོ་ལོམ་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལན་ཧུའུ་ཡིས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་འགོལ་རྒོལ་བྱེད་པའི་འཕེལ་རིམ་གསར་ཤོས་ངོ་སྤྲོད་བྱས་པ་ཉན་རྗེས་ཁོང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེ་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཀྲུང་གོ་མི་དམངས་ལ་འཚམས་འདྲི་དང་རྒྱབ་སྐྱོར་བྱེད་ལུགས་མཚོན་པར་བྱས་པ་དང་ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་ཐད་འབད་བརྩོན་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་མ་ཟད་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་རིམས་ནད་འགོག་རྒོལ་གྱི་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
     ཨ་ཀེན་ཐིན་གྱི་འཕྲོད་བསྟེན་པུའུ་ཀྲང་ཀང་ས་ལེ་སི· ཅ་ཤིས་ཡ་ཡིས་ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ཝང་ཞའོ་ལིན་དང་ཏོག་གསར་གློ་ཚད་རིམས་ནད་ཐད་ཀྱི་ལྟ་ཚུལ་སྤེལ་རེས་བྱེད་སྐབས་ཨ་ཀེན་ཐིན་གྱིས་ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་ཧང་སངས་དགོས་པའི་ནུས་པ་བཏོན་པར་ཡི་རངས་བྱེད་པ་དང་བྱེད་ཐབས་ནུས་ལྡན་དེ་དག་ལས་རིམས་ནད་མཆེད་རྒྱུ་བཀག་འགོག་ནུས་ལྡན་ཐུབ་ཡོད། ཀྲུང་གོའི་འགག་སྒྲོལ་དམག་འཐབ་དེར་རྒྱལ་ཁ་ཐོབ་ངེས་རེད་ལ་ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྱང་དེའི་ཐད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
     ཧྥི་ལི་ཕིན་གྱི་ནང་བློན་ཁང་གི་དྲུང་ཡིག་ཁ་ལུའོ·ནུའོ་ཀེ་ལ་ལེ་སི་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཧྥི་ལི་ཕིན་གྱིས“རེ་སྒུག་ཡག་ཤོས་བཅངས་ཏེ་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད”རྒྱལ་སྤྱིའི་མ་ལག་ཁྲོད་ཀྱི་ཀྲུང་གོའི་གནས་བབ་གལ་འགངས་ཆེ་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བར་མེད་དུ་མི་རུང་བའི་ནུས་པ་ཐོན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་རོགས་རམ་དང་རྒྱབ་སྐྱོར་བྱས་ཏེ་མཐར་ཀྲུང་གོས་རིམས་ནད་རྩ་མེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་ལ་ཕན་པ་ཐོབ་པ་བྱེད་དགོས་ཞེས་བརྗོད་པ་རེད།
     ནེའུ་ཙི་ལན་ཁེ་ལེ་སི་ཐེ་ཁྲེ་ཆི་གྲོང་ཁྱེར་གྱི་ཧྲི་ཀྲང་ལི་ཨན་ན·ཏར་ཆིར་གྱིས་ཉེ་ཆར་ཝུའུ་ཧན་གྲོང་ཁྱེར་སྲིད་གཞུང་ལ་འཕྲིན་ཡིག་སྤྲིངས་ཏེ་ཏོག་གསར་གློ་ཚད་རིམས་ནད་ཁྲོད་ཚེ་ལས་འདས་མཁན་ལ་མྱ་ངན་ཞུས་པ་དང་ཁེ་ལེ་སི་ཐེ་ཁྲེ་ཆི་གྲོང་ཁྱེར་གྱིས་གཅེན་གཅུང་གྲོང་ཁྱེར་ཡིན་པའི་ཝུའུ་ཧན་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རིམས་ནད་མགྱོགས་མྱུར་བཀག་འགོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆ་འཕྲིན་རྫུས་མ་དང་དཀྲོག་གཏམ་ལ་འཐབ་རྩོད་བྱ་རྒྱུའི་འབོད་སྐུལ་བྱས་པ་དང“དེ་ནི་སེམས་བཟང་དང་བསམ་ཤེས་བྱེད་དགོས་པའི་དུས་སྐབས་ཤིག་རེད”ཅེས་བརྗོད་པ་རེད།
     ཧ་སག་སི་ཐན་གྱི་དབུ་བཞུགས་སྤྱི་པའི་འཕྲོད་བསྟེན་དཔོན་རེན་ཏར་པེ་ཁེ·པེ་ཁེ་ཧྲེན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པར་འབད་བརྩོན་བྱས་པ་དེས་ཧ་སག་སི་ཐན་ལ་དཔྱད་གཞིར་འཛིན་འོས་པའི་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་འཛམ་གླིང་ལ་ཉམས་མྱོང་དང་ཆ་འཕྲིན་མཉམ་སྤྱོད་བྱས་པ་དཔེར་ན། ནད་དུག་གི་ཆ་འཕྲིན་དང་། མགྱོགས་མྱུར་ནད་དཔྱད་བྱེད་ཐབས། སྨན་བཅོས་ཀྱི་རྩ་དོན་དང་བྱེད་ཐབས་བཅས་དང་དེ་བཞིན་མ་ལག་རང་བཞིན་གྱི་རིམས་ནད་མཆེད་རྒྱུ་བཀག་འགོག་བྱེད་སྟངས་སོགས་མཉམ་སྤྱོད་བྱས་པ་དེས་གོ་ལ་ཧྲིལ་པོས་མཉམ་ལས་བྱས་ཏེ་ད་ཐེངས་ཀྱི་རིམས་ནད་འགོག་རྒོལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཧ་སག་སི་ཐན་གྱི་གསོ་རིག་ལས་རིགས་ཀྱིས་ཉམས་མྱོང་དེ་དག་ལ་ཞིབ་འཇུག་དང་སློབ་སྦྱོང་བྱས་ཏེ་རང་རྒྱལ་ཁབ་ཀྱི་འཕྲོད་བསྟེན་རིམས་འགོག་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་སྤྱོད་རྒྱུ་ཡིན་ཞེས་བརྗོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལྷོ་ལྷོ་མཉམ་ལས་ཀྱི་ཆེད་བསྐོས་ཕོ་ཉ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷོ་ལྷོ་མཉམ་ལས་གཞུང་དོན་ཁང་གི་ཀྲུའུ་རེན་ཧའོ་ཨེར་ཧེ·ཆེ་ཏི་ཁེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོས་ཉམས་ཉེན་དེ་མགྱོགས་མྱུར་ཁྱད་བསད་ཐུབ་རྒྱུ་མ་ཟད་དེ་བས་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། “ཀྲུང་གོས་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་འབད་བརྩོན་བྱས་པར་ང་ཚོར་དགའ་ཚོར་དང་བློ་བདེ་བྱུང་། ཀྲུང་གོས་འཛམ་གླིང་གི་ས་ཁུལ་གཞན་དག་ལ་མིག་དཔེ་བཏོད་པ་དང་ད་ཐེངས་ཀྱི་གནས་ཚུལ་ལས་ཀྲུང་གོས་ཁྱབ་ཁོངས་མང་པོའི་ཐད་ནུས་པ་ཆེན་པོ་མངོན་པ་སླར་ཡང་ར་སྤྲོད་བྱས་ཡོད”ཁོང་གིས་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“ཚན་རིག་དང་མཐུན་པའི་བྱེད་ཐབས་དངོས་ལ་བརྟེན་ཏེ་རིམས་ནད་ལ་ཁ་གཏད་གཅོག་པ་ལས་ཕྱོགས་ཞེན་གྱི་ལྟ་སྟངས་འཛིན་པའམ་ཡང་ན་རྣམ་འགྱུར་ཐལ་དྲགས་རྒྱུ་མེད”ཅེས་འབོད་སྐུལ་བྱས་པ་རེད།