འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་20ཉིན།

༄༅༎ཧུའུ་པེ་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཤེ་ཧྲུའུ་ཀོང་གིས་“རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ང་ཚོས་
སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་སོ་དམག་ཡག་པོ་ཞིག་བྱེད་དགོས”ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་2ཚེས་4ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་པར་ཝུའུ་ཧན་ཧོ་ཧྲེན་ཧྲན་སྨན་ཁང་དུ་ཤེ་ཧྲུའུ་ཀོང་གིས་ལས་རོགས་བཞིའི་སྣེ་འཁྲིད་དེ་ནད་ཁང་རེ་རེའི་ཁོར་ཡུག་གི་དམིགས་ཚད་ལོན་མིན་ལ་གང་མྱུར་ཞིབ་དཔྱད་བྱས་ཡོད། དེ་ཉིན་ཏག་ཏག་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱ་རྩིས་ཡོད་པའི་ཁག་དང་པོའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་རྣམས་སྨན་ཁང་དུ་ཡོང་བའི་ལམ་བར་དུ་ཡོད་པ་རེད།
     “མགྱོགས་ཙམ་བྱེད་དགོས”ཞེས་ཤེ་ཧྲུའུ་ཀོང་གིས་རྒྱུན་ཆད་མེད་པར་ལྕག་སྐུལ་བཏང་། སྐར་མ་25སོང་བའི་རྗེས་སུ་ཁག་དང་པོའི་ནད་ཁང་གི་ཞིབ་དཔྱད་ཁག་གི་དམིགས་ཚད་གཞི་རྩའི་ཆར་ཚད་གཞི་ལོན་པས“ནད་པ་ཉར་ན་ཆོག”ཅེས་ཤེ་ཧྲུའུ་ཀོང་དང་ཁོང་གི་ཚོགས་པ་ནད་ཁང་ནས་ཐོན་མ་ཐག་སྨན་དོན་མི་སྣས་འཕྲལ་མར་ནད་པ་བསྐྱལ་བ་རེད།
     ཝུའུ་ཧན་ཧོ་ཧྲེན་ཧྲན་སྨན་ཁང་སྐྲུན་སྐབས་དུས་ཚོད་ཛ་དྲག་པའི་དབང་གིས་ཤེ་ཧྲུའུ་ཀོང་གི་ཞིབ་དཔྱད་ཚོགས་པས་ཟླ་1ཚེས་28ཉིན་ནས་བཟུང་ཉིན་མཚན་དབྱེར་མེད་ངང་བཀའ་བསྒུགས་ནས་སྡོད་ཀྱི་ཡོད། “སྔོན་ཆད་སྒྲིག་ཆས་ཚང་མ་ལེགས་གྲུབ་ཟིན་ནས་ང་ཚོ་ཞིབ་བཤེར་དུ་ཡོང་རྒྱུར་བསྒུགས་ནས་སྡོད་ཀྱི་ཡོད། ད་ཐེངས་ང་ཚོ་ཞིབ་དཔྱད་ཚོགས་པས་ས་ཆ་དངོས་སུ་སྨན་ཁང་གཞི་རྩའི་ཆར་བསྐྲུན་ཟིན་རྒྱུ་བསྒུགས་ནས་སྡོད་པ་མ་ཟད། དུས་ཚོད་ཧ་ཅང་ཐུང་ངུའི་ནང་ཞིབ་དཔྱད་ལེགས་གྲུབ་བྱེད་དགོས”ཞེས་ཤེ་ཧྲུའུ་ཀོང་གིས་བརྗོད་ཅིང་། ཁོང་གིས་ནད་པ་ཚབས་ཆེན་མང་པོ་ནད་ཁང་བསྒུགས་ནས་ཡོད་པས་ཞིབ་དཔྱད་ལས་དོན་དེའང་ནད་དུག་ལས་རྣམ་པར་རྒྱལ་ཐུབ་པ་བྱུང་ཚེ་ནད་པ་གཞི་ནས་གང་མགྱོགས་སྔ་ཙམ་སྐྱོབ་བཅོས་བྱེད་ཐུབ་ཅེས་བརྗོད།
     ཤེ་ཧྲུའུ་ཀོང་འདི་ལོ་ལོ་53ལ་སླེབས་པ་དང་ཧུའུ་པེ་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་འཕྲོད་བསྟེན་ལྟ་སྐུལ་ཁང་ཁོར་ཡུག་འཕྲོད་བསྟེན་པུའི་ཀྲུའུ་རེན་ཡིན་པ་དང་། 2003ལོའི“དམིགས་བསལ་གློ་ཚད”ཐོན་རྗེས་ཁོང་གིས་ཧུའུ་པེ་ཞིང་ཆེན་སྨན་ཁང་བརྒྱ་ཕྲག་གི་འགོ་ནད་ཁུལ་དང་། ལོགས་འཇོག་ནད་ཁང་། ནད་པ་ཚབས་ཆེན་གྱི་ICUསོགས་གཙོ་གནད་སྡེ་ཁག་སྒྲིག་འཛུགས་བྱས་ནས་འཕྲོད་བསྟེན་གྱི་བརྒྱུད་རིམ་ལྡན་པའི་ལག་རྩལ་གྱི་ཞིབ་དཔྱད་ལས་དོན་སྤེལ་རྒྱུའི་སྣེ་ཁྲིད་བྱས་ཡོད་པ་རེད།
     “ནད་པར་སྨན་བཅོས་བྱེད་པའི་སྤུས་ཚད་གོང་མཐོར་བཏང་ནས་སྨན་དོན་མི་སྣ་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་འགན་ལེན་བྱས་ཏེ་སྨན་བཅོས་བྱ་ཡུལ་ཁོར་ཡུག་གི་དམིགས་ཚད་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་ལོན་པར་བྱེད་དགོས”ཞེས་ཤེ་ཧྲུའུ་ཀོང་གིས་བརྗོད། ཁོང་གིས་ཁོར་ཡུག་འཕྲོད་བསྟེན་ལྟ་ཞིབ་ཚད་ལེན་དེ་སོ་དམག་ཅིག་དང་འདྲ་བ་མ་ཟད། དེ་ནི་སྨན་བཅོས་ཁང་རྒྱུན་གཏན་བཞིན་བདེ་འཇགས་འཁོར་སྐྱོད་ཐུབ་རྒྱུ་འགན་ལེན་བྱེད་པའི་མཐའ་མའི་ལྷུ་ཚིགས་མེད་དུ་མི་རུང་བ་ཞིག་ཀྱང་རེད་ཅེས་བརྗོད།
     ཧུའུ་པེ་ཞིང་ཆེན་སྨན་ཁང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ངོས་མཉམ་གོ་རིམ་ཇུས་འགོད་ཀྱི་ཞིབ་བཤེར་བ་རིགས་གཅིག་མཁས་ཅན་ཤེ་ཧྲུའུ་ཀོང་ད་དུང་སྐབས་འཕྲལ་བསྡུ་ཉར་སྨན་བཅོས་སྨན་ཁང་བསྐྱར་སྐྲུན་ལག་རྩལ་གྱི་ཡིག་ཆ་རྩོམ་འབྲི་དང་ཞིབ་བཤེར་ནང་ཞུགས་དགོས་པ་དང་། གང་མགྱོགས་ལེགས་གྲུབ་ཡོང་ཆེད་ཁོང་གིས་ལས་དུས་འཕར་མ་བྱས་ཏེ་ཉིན་ལྔའི་ནང་ཁོང་ཞུགས་པའི《དབུགས་ལམ་རིགས་ཀྱི་སྐབས་འཕྲལ་འགོ་ནད་སྨན་ཁང་ཇུས་འགོད་ཀྱི་ཕྱོགས་སྟོན་སྒྲིག་སྲོལ》དང《སྟབས་བསྟུན་སྨན་ཁང་ཇུས་འགོད་དང་སྒྱུར་བཀོད་ཀྱི་འབྲེལ་ཡོད་ལག་རྩལ་སྐོར་གྱི་བླང་བྱ》 《འགྲུལ་ཁང་དབུགས་ལམ་གྱི་འགོ་ནད་ཕོག་པའི་ནད་པ་གཅིག་སྡུད་བསྡུ་ཉར་སྐྱོབ་བཅོས་སྨན་ཁང་དུ་སྒྱུར་བཀོད་ཀྱི་ལག་རྩལ་བླང་བྱ》སོགས་སྔ་རྗེས་སུ་ཛ་དྲག་ངང་ཡོངས་བསྒྲགས་བྱས་ཡོད།
     སྨན་ཁང་ལ་དགོས་མཁོ་ཡོད་པ་དང་ཁ་པར་འབྱོར་ཚེ་ཤེ་ཧྲུའུ་ཀོང་གིས་དུས་ཐོག་ཏུ་ཁོང་ཚོར་ནད་ཁང་ཁུལ་སྒྱུར་བཀོད་ཀྱི་དཔེ་རིས་བཟོ་བཅོས་རྒྱག་རོགས་བྱེད་ཀྱི་ཡོད། ཟླ་བ་དང་པོའི་ཟླ་མཇུག་ཏུ་ཝུའུ་ཧན་གྱིས་གྲོང་ཁུལ་གྱི་འགྲིམ་འགྲུལ་ལ་ཚོད་འཛིན་བྱེད་སྐབས་ཤེ་ཧྲའུ་ཀོང་དུས་ཐོག་ཏུ་ས་ཆ་དངོས་སུ་བསྐྱོད་དེ་གནས་སྐབས་སྒྱུར་བཀོད་བྱེད་དགོས་པའི་སྨན་ཁང་ཁག་གཅིག་ལ་ལག་རྩལ་གྱི་མཛུབ་ཁྲིད་བྱེད་ཐབས་བྲལ་སྐབས་ཁོང་གིས་སྨན་ཁང་གི་འགན་ཁུར་བར་སྒྱུར་བཀོད་བྱ་རྩིས་ཡོད་པའི་ཇུས་འགོད་དཔེ་རིས་ཀྱི་མ་ཟིན་ལག་ཐོགས་ཁ་པར་ནས་པར་བླངས་ཏེ་བསྐུར་བཅུག་པ་དང་ཁ་པར་ཐོག་ནས་བཟོ་བཅོས་ལེགས་གྲུབ་བྱེད་ཀྱི་ཡོད། ཤེ་ཧྲུའུ་ཀོང་གིས་དཔེ་རིས་བཟོ་བཅོས་རྒྱག་པར་ཁུ་སིམ་པའི་ཁོར་ཡུག་ཅིག་དགོས་པར་བརྟེན་ཁོང་གིས་ལག་ནང་གི་ལས་ཀ་ཡོད་ཚད་བཞག་ནས་རང་ཉིད་གཅིག་པུ་གཞུང་ལས་ཁང་དུ་བསྡད་དེ་བཟོ་བཅོས་རྒྱག་པ་དང་སྐབས་འགར་དཔེ་རིས་བཟོ་བཅོས་ལེགས་གྲུབ་ཟིན་སྐབས་མཚན་མོའི་ཆུ་ཚོད་དང་པོ་ལྷག་ཙམ་ཟིན་གྱི་ཡོད། ཁོང་གིས“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས་དཀའ་ཉེན་འཕྲད་སྐབས་ང་ཚོས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཆེད་དུ་རང་ཉིད་ཀྱི་ཆེད་ལས་ལག་རྩལ་འདོན་སྤེལ་བྱ་ངེས་ཡིན”ཞེས་བརྗོད་ཀྱི་ཡོད།