འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་19ཉིན།

༄༅༎ལྕགས་ལམ་སྡེ་ཚན་གྱིས་ཆེད་སྤྱོད་མེ་འཁོར་གཉིས་བཏང་སྟེ། ཡུལ་གཞན་གྱི་ལས་མི་1300ལྷག་ཙམ་
ཧང་ཀྲོའུ་རུ་ཕྱིར་ལོག་པར་གཞོགས་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཧང་ཀྲོའུ་རུ་ལས་ཀ་བྱེད་མཁན་ཡུལ་གཞན་གྱི་ལས་མི་དུས་ཐོག་ཏུ་ཧང་ཀྲོའུ་རུ་ལོག་ནས་ལས་འགོ་བསྐྱར་ཚུགས་ལ་རམ་འདེགས་བྱ་ཆེད། གོང་ཚེས་ཉིན། ལྕགས་ལམ་སྡེ་ཚན་གྱིས་ཧོ་ནན་ཀྲོའུ་ཁོའུ་དང་སི་ཁྲོན་ཁྲེང་ཏུའུ་ནས་ལས་མི་ཕྱིར་ལོག་པའི་ཆེད་སྤྱོད་མེ་འཁོར་གཉིས་བཏང་ཞིང་། ཧོ་ནན་དང་སི་ཁྲོན་ས་གནས་གཉིས་ཀྱི་ལས་མི་1300ལྷག་ཙམ་ཉིན་དེར་ཧང་ཀྲོའུ་རུ་འབྱོར་ཡོད།
     རྒྱལ་ཡོངས་ཀྱི་གོང་འོག་ཀུན་གྱིས་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་འགོག་རྒོལ་བྱེད་པ་དང་ཆབས་ཅིག ས་གནས་ཁག་གི་ཁེ་ལས་ཀྱིས་ཀྱང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་གྲ་སྒྲིག་བྱེད་བཞིན་ཡོད། ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་ཀྱི་ལས་ཀའི་དགོས་མཁོ་སྐོང་བ་དང་ཕྱིར་ལོག་སྐབས་རིམས་ནད་མཆེད་པའི་ཉེན་ཁ་ཉུང་དུ་གཏོང་ཆེད། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་ཁེ་ལས་ཀྱིས་རིམས་ནད་ཁྱབ་ཚུལ་བལྟོས་བཅས་ཀྱིས་བརྟན་པོ་ཡོད་པ་དང་། ཧང་ཀྲོའུ་རུ་ལས་ཞུགས་བྱེད་པར་ཡོང་མཁན་གཅིག་སྡུད་ཆེ་བའི་ཧོ་ནན་དང་། སི་ཁྲོན། ཀུའེ་ཀྲོའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ས་ཁུལ་ཁག་གཅིག་ལ་ཡུལ་གཞན་གྱི་ལས་མི་ཕྱིར་ལོག་པའི་ཆེད་སྤྱོད་མེ་འཁོར་གཏོང་རྒྱུའི་རེ་ཞུ་བྱས་ཡོད།
     ཧྲང་ཧའེ་ཅུས་ཚོགས་པ་ཀུང་སིས་ཧང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་ཁེ་ལས་ཀྱི་རེ་བ་དང་ལེན་ཧུར་ཐག་བྱས་ཏེ། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་སྤྱི་འདོམས་མཐུན་སྦྱོར་འོག ཀྲེང་ཀྲོའུ་ཅུས་ཚོགས་པ་ཀུང་སི་དང་ཁྲེང་ཏུའུ་ཅུས་ཚོགས་པ་ཀུང་སི་དང་མཉམ་དུ་ལས་མི་ཕྱིར་ལོག་པའི་ཆེད་སྤྱོད་མེ་འཁོར་གཏོང་བའི་ཇུས་གཞི་བཟོས་པའི་ཁར། འགྲུལ་པ་བབས་ཚུགས་སུ་འཛུལ་བ་དང་། མེ་འཁོར་སྒུག་པ། མེ་འཁོར་དུ་སྡོད་པ། བབས་ཚུགས་ནས་དོན་པ་སོགས་ལྷུ་ཚིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐྱེལ་འདྲེན་ཞབས་འདེགས་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ། ལས་འགོ་བསྐྱར་ཚུགས་ཀྱི་མི་སྣའི་བདེ་འཇགས་དང་། གོ་རིམ་ལྡན་པ། དྲོ་སྐྱིད་ལྡན་པའི་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།
     ཆེད་སྤྱོད་མེ་འཁོར་བདེ་བླག་ངང་གཏོང་ཐུབ་པའི་འགན་ལེན་དང་། ལས་འགོ་བསྐྱར་ཚུགས་མིན་པའི་འགྲུལ་པ་གཞན་དག་དང་འབྲེལ་འདྲིས་མི་ཡོང་བ། རིམས་ནད་མཆེད་པའི་ཉེན་ཁར་གཡོལ་གང་ཐུབ་ཅི་ཐུབ་བཅས་བྱེད་ཆེད། ལྕགས་ལམ་སྡེ་ཚན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་ཡོད། ཧང་ཀྲོའུ་བབས་ཚུགས་ཤར་མ་དང་མེ་འཁོར་གཏོང་འགོ་ཚུགས་པའི་མྱུར་བགྲོད་ལྕགས་ལམ་བབས་ཚུགས་ཀྱིས་སྤྱི་པའི་ཁྱབ་ཁོངས་སུ་དུག་སེལ་དང་རླུང་ཡག་པོ་འགྲོ་བར་ཤུགས་སྣོན་བརྒྱབ་པ་ཕུད། ཐོགས་མེད་བགྲོད་ལམ་གཏོད་པ་སོགས་ཀྱི་བྱེད་ཐབས་བཟོས་ནས་ལས་མིར་བརྟག་དཔྱད་མགྱོགས་པོ་དང་། མགྱོགས་པོ་འཛུལ་བ། མགྱོགས་པོ་སྡོད་པ། མགྱོགས་པོ་འབབ་པ་བཅས་ཀྱི་འགན་ལེན་བྱས་ཡོད།
     ཧང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་ཁེ་ལས་ཀྱིས་མེ་འཁོར་ལ་སྡོད་མཁན་གྱི་ཡུལ་གཞན་གྱི་ལས་འགོ་བསྐྱར་ཚུགས་ལས་མིར“བདེ་ཐང་བྱང་བུ”རེ་ཞུ་དང་ཞིབ་དཔྱད་སྔ་སྣུར་དུ་བྱས་ཏེ། བདེ་ཐང་གི་བླང་བྱ་དང་མཐུན་པའི་ལས་མི་བབས་ཚུགས་སུ་བསྐྱོད་ནས་མེ་འཁོར་ལ་སྡོད་པའི་སྒྲིག་འཛུགས་བྱས་ཡོད། ལས་འགོ་བསྐྱར་ཚུགས་ཀྱི་ལས་མི་ཡོངས་བབས་ཚུགས་སུ་འཛུལ་ནས་མེ་འཁོར་དུ་སྡོད་པ་དང་བབས་ཚུགས་ནས་དོན་སྐབས། ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལྟར་ཚ་བ་རྒྱས་མིན་དང་ཐོབ་ཐང་ཞིབ་བཤེར་དང་ལེན་བྱས་ཡོད། ཧང་ཀྲོའུ་བབས་ཚུགས་ཤར་མ་ནས་དོན་རྗེས་ལས་མི་དེ་དག་ལས་ཞུགས་ཁེ་ལས་ཀྱིས་བསུས་ཏེ་ལས་འགོ་བསྐྱར་ཚུགས་ཀྱི་ལས་གནས་སུ་བསྐྱལ་རྒྱུ་རེད།