འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་19ཉིན།

༄༅༎ལྷ་ས་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་འགན་འཁྲི་སྒྲུབ་ནུས་མི་འདང་བ་དང་
སྤྱོད་ཚུལ་དྲང་བདེན་མིན་པའི་དཔེ་མཚོན་4བརྡ་ཁྱབ་བཏང་བ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་19ཉིན། 12:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་18ཉིན་གྱི་དགོང་མོ། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གིས་བརྡ་ཁྱབ་བཏང་སྟེ“རླུང་བསིལ་ལྷ་ས”ཞེས་པའི་གཞུང་ཕྱོགས་ཀྱི་པོད་འཕྲིན་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་འགན་འཁྲི་སྒྲུབ་ནུས་མི་འདང་བ་དང་སྤྱོད་ཚུལ་དྲང་བདེན་མིན་པའི་དཔེ་མཚོན་གྱི་གནད་དོན་4བརྡ་ཁྱབ་བཏང་བ་རེད།
     གཅིག ལྷ་ས་ཡུང་ཁྲུའུ་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བསྟན་པ་རྒྱ་མཚོས་ཝུའུ་ཧན་དུ་གནས་སྡོད་བྱས་ཚུལ་སོགས་ཀྱི་གནད་དོན་ཇི་མ་ཇི་བཞིན་སྙན་སེང་མ་ཞུས་པ།    
     ལྷ་ས་གྲོང་ཁྱེར་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཚོང་གཉེར་ཚད་ཡོད་ཀུང་སིའི་མངའ་འོག་གི་ཡན་ལག་ཀུང་སི་ལྷ་ས་ཡུང་ཁྲུའུ་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བསྟན་པ་རྒྱ་མཚོས། ཀུང་སིར་2020ལོའི་ཟླ་1ཚེས་20ཉིན་ནས་ཟླ་1ཚེས་22ཉིན་བར་ཝུའུ་ཧན་དུ་སྡོད་པའི་གནས་ཚུལ་སྙན་སེང་ཞུས་མེད་པ་མ་ཟད། ཁྱིམ་སྡོད་ལྟ་དཔྱད་བྱེད་རིང་རང་དགར་ཕྱིར་བསྐྱོད་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཟོས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ཡོད། བསྟན་པ་རྒྱ་མཚོ་ནི་གཞུང་གཉེར་ཁེ་ལས་ཀྱི་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཐོང་ཆེན་བྱ་རྒྱུ་མི་འདང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་སྣེ་ཁྲིད་དེ་བརྩི་སྲུང་དང་ལག་བསྟར་བྱེད་རྒྱུ་མི་འདང་བས་ཤུགས་རྐྱེན་ངན་པ་བཟོས་ཡོད། བསྟན་པ་རྒྱ་མཚོར་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།    
     གཉིས། འདམ་གཞུང་རྫོང་ལུང་རིང་ཤང་འཕྲོད་བསྟེན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་འགན་འཁྲི་སྒྲུབ་ནུས་མི་འདང་བའི་གནད་དོན།
     ཟླ་1ཚེས་27ཉིན་འདམ་གཞུང་རྫོང་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་སྐབས་ལུང་རིང་ཤང་འཕྲོད་བསྟེན་ཁང་གི་སྒོ་བརྒྱབ་ནས་སྨན་བཅོས་བྱེད་པའི་འབྲེལ་ཡོད་ལས་དོན་སྤེལ་མེད་པ་ཤེས་རྟོགས་བྱུང་བ་དང་། ཟླ་2ཚེས་9ཉིན། ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་སླར་ཡང་འཕྲོད་བསྟེན་ཁང་དེར་ཞིབ་བཤེར་བྱེད་པར་བསྐྱོད་པས་འཕྲོད་བསྟེན་ཁང་དེའི་སྨན་བཅོས་ཁང་ཚང་མ་སྒོ་བརྒྱབ་པ་དང་། སྨན་བཅོས་ལས་དོན་སྤེལ་མཁན་སྨན་དོན་མི་སྣ་མེད་པ། ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་གིས་དུས་འགོར་བཏོན་པའི་གནད་དོན་བཅོས་སྒྲིག་བྱས་མེད་པ་མ་ཟད། སྒྲིག་འགལ་ངང་རང་སོ་སོས་གྲོང་ཚོ་རིམ་པའི་རིམས་འགོག་ལས་འགན་འཁུར་བའི་གྲོང་ཚོའི་སྨན་པ་3ལས་རེས་བྱེད་བཅུག་ནས། སྨན་དོན་མི་སྣ་ངོ་མ་ཚང་མས་རྒྱུ་མཚན་སྣ་ཚོགས་ཀྱི་ཐོག་ནས་རང་དགར་ལས་གནས་ལས་བྲལ་ཡོད་ཅིང་། ལུང་རིང་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་གཞོན་པ་དབྱངས་སྒྲོན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་བྱ་རྒྱུ་མི་འདང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སུ་ལུང་རིང་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་གཞོན་པའི་འགན་འཁུར་འདོད་མེད་པ་བཏོན་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོ་མེད་པ་དང་། འགན་འཁྲི་མི་འཁུར་བ། ལས་དོན་མི་སྒྲུབ་པས་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་འཁུར་དགོས། དབྱངས་སྒྲོན་ལ་བསླབ་འདོམས་སྐུལ་གཏོང་གི་གླེང་མོལ་བྱས་ནས། ལུང་རིང་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་གཞོན་པའི་གོ་གནས་མེད་པ་བཟོས་པ་དང་ལས་གནས་ལེགས་སྒྲིག་བྱས་པ། ལུང་རིང་ཤང་འཕྲོད་བསྟེན་ཁང་ལ་སྐྱོན་བརྗོད་བརྡ་ཁྱབ་ཕོག་པ་རེད། དེ་དང་ཆབས་ཅིག་འདམ་གཞུང་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དམངས་འདོད་ཚད་ལེན་གདེང་འཇོག་དང་དུས་རྒྱུན་གྱི་ལས་ཀའི་རྣམ་འགྱུར་ལ་གཞིགས་ནས་ལུང་རིང་ཤང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་གཞན་དག་གི་ལས་གནས་ལེགས་སྒྲིག་བྱས་པ་རེད།
     གསུམ། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚན་པ་དང་ལས་བྱེད་པ་ཁག་གཅིག་གི་ཁྱིམ་སྡོད་ལྟ་དཔྱད་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་མེད་པའི་གནད་དོན།
     ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཅུས་སྟོད་ལུང་བདེ་ཆེན་ཆུས་ཡན་ལག་ཅུས་ཀྱི་ལས་བྱེད་པ་ཧན་ཅིན་ཡུས་དང་། གདོང་དཀར་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ལས་བྱེད་པ་ཝང་ཐའོ། སྟོད་ལུང་བདེ་ཆེན་ཆུས་དབུལ་སྐྱོར་གཞུང་དོན་ཁང་གི་ལས་བྱེད་པ་དབྱང་ཧུང་། སྟོད་ལུང་བདེ་ཆེན་ཆུས་ཨུད་རྩ་འཛུགས་པུའི་ལས་བྱེད་པ་ལིའུ་ལུའུ་དང་གནས་ཆུང་ཁྲོམ་གཞུང་མངགས་གཏོང་ཁང་གི་ལས་བྱེད་ཉེན་རྟོག་པ་ཀུའོ་ཁྲའོ། གདོང་དཀར་ཁྲོམ་གཞུང་གི་ལས་བྱེད་པ་ཀྲང་ཤིང་ཏ་དང་ལིའུ་ཞའོ་ཅོན། གུ་རུམ་གྲོང་རྡལ་གྱི་ལས་བྱེད་པ་ལུའོ་ཞའོ་ཧྲེ་བཅས་ཀྱིས་ཁྱིམ་སྡོད་ལྟ་དཔྱད་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་པོ་བྱས་མེད་པ་དང་། གནས་ཆུང་ཁྲོམ་གཞུང་གི་ལས་བྱེད་པ་ལུའོ་ཡ་ཁྱིམ་སྡོད་ལྟ་དཔྱད་བྱེད་རིང་རང་དགར་ཕྱིར་སོང་བ་དང་། གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཅུས་སྟོད་ལུང་བདེ་ཆེན་ཆུས་ཡན་ལག་ཅུས་དང་སྟོད་ལུང་བདེ་ཆེན་ཆུས་དབུལ་སྐྱོར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དུས་ཐོག་ཏུ་དོན་འཁྱོལ་བྱས་མེད་པ་དང་གནད་ལ་འཁེལ་མེད་པས་ཧན་ཅིན་ཡུས་སོགས་ལས་བྱེད་པ་9ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱ་རྒྱུ་མི་འདང་བ་དང་ཁྱིམ་སྡོད་ལྟ་དཔྱད་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་མི་འདང་བས་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་རེད།
     བཞི། ཆུ་ཤུར་རྫོང་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་དང་ཏན་ཏིག་བྱས་མེད་པའི་གནད་དོན།
     ཆུ་ཤུར་རྫོང་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིས་བོད་ལྗོངས་སུ་ཕྱིར་ལོག་ལས་བྱེད་པ་ཁྱིམ་སྡོད་ལྟ་དཔྱད་བྱེད་པའི་གནས་ཚུལ་ཆུ་ཤུར་རྫོང་སྔོན་འགོག་ཚོད་འཛིན་གཞུང་དོན་ཁང་དང་ཆུ་ཤུར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་སྙན་སེང་ཞུས་མེད་པས། ཆུ་ཤུར་རྫོང་སྔོན་འགོག་ཚོད་འཛིན་གཞུང་དོན་ཁང་གིས་འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་མེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མི་མངོན་པའི་རྐྱེན་ངན་བཟོས་ཡོད། ཆུ་ཤུར་རྫོང་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཕུར་བུ་ཚེ་རིང་། ཀུང་སི་དེའི་རིམས་འགོག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པའི་ངོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མཐོང་ཆེན་བྱ་རྒྱུ་མི་འདང་བ་དང་། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་མ་བྱས་པས་འགན་འཁྲི་གཙོ་བོ་འཁུར་དགོས། ཕུར་བུ་ཚེ་རིང་གིས་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་ཡིག་ཐོག་གི་སྐྱོན་ཞིབ་གཏིང་ཟབ་བྱེད་དགོས་པའི་བཀའ་བཏང་བ་དང་། ཆུ་ཤུར་རྫོང་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིར་བརྡ་ཁྱབ་སྐྱོན་བརྗོད་བྱས་པ་རེད།