འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་17ཉིན།

༄༅༎ཝུའུ་ཧན་གྱི་ཚོམས་ཆེན་རྣམ་པའི“སྟབས་བསྟུན་སྨན་ཁང” གི་ཁག་དང་པོའི་ནད་པ་17སྨན་ཁང་ནས་དོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་17ཉིན། 12:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཝུའུ་ཧན་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་15ཉིན་གྱི་ཕྱི་དྲོའི་ཁ་བ་བུ་ཡུག་ཁྲོད་ཝུའུ་ཧན་གྱི་ཚོམས་ཆེན་རྣམ་པའི“སྟབས་བསྟུན་སྨན་ཁང”གི་ཁག་དང་པོའི་ནད་པ་17སྨན་ཁང་ནས་དོན་པ་རེད། “སྟབས་བསྟུན་སྨན་ཁང”གིས་ཁོང་ཚོར་སྨན་ཁང་ནས་དོན་ཆོག་པའི་ངོ་སྤྲོད་ཡི་གེ་སྤྲད་པ་དང་འབྲེལ་རྟེན་འབྲེལ་ཤོག་བྱང་དང་ཨ་ལད་པད་གོག་གི་ལག་རྟགས་རེ་ཡང་སྤྲད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་སྨན་ཁང་ནས་དོན་མཁན་ནད་པ་དེ་དག་ནི་ཟླ་2ཚེས་7ནས་9ཉིན་བར་སྟབས་བསྟུན་སྨན་ཁང་དུ་བསྡད་པ་དང་། དེའི་ནང་གི་ལོ་ན་མཐོ་ཤོས་ལོ་63དང་ཆུང་ཤོས་ལོ་28ཡིན་པ་རེད། ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱི་སྨན་བཅོས་བྱེད་ཐབས་སྤྱད་པ་བརྒྱུད་ནད་པའི་ཚ་བ་རྒྱུན་ལྡན་ལྟར་སླར་གསོ་བྱུང་བ་དང་། གློག་པར་རྟག་དཔྱད་རྒྱུན་ལྡན་ལྟར་ཡིན་པ། ཉིང་སྐྱུར་བརྟག་བཤེར་ཐེངས་གཉིས་བྱས་པ་སྲིབས་གཤིས་ཡིན་པས། རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ལྷན་འཛོམས་ནད་དཔྱད་བྱས་པ་བརྒྱུད་སྨན་བཅོས་ཇུས་གཞིར་གཞིགས་ན་སྨན་ཁང་ནས་དོན་པའི་ཚད་གཞི་དང་མཐུན་པས་སྨན་ཁང་ནས་དོན་ཆོག་པའི་ཆོག་མཆན་སྤྲད་ཡོད།
     སྨན་ཁང་ནས་སྤྲད་པའི་རྟེན་འབྲེལ་ཤོག་བྱང་སྟེང་དུ་སྨན་དོན་མི་སྣ་ཚོས། ནད་དུག་གིས་ང་ཚོའི་དབར་གྱི་བར་ཐག་རིང་དུ་བཏང་ཡང་ང་ཚོས་དེ་བས་གཅིག་སེམས་གཅིག་ཏུ་བསྒྲིལ་ནས་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བརྒྱབ་པའི་ལོ་ཟླ་བརྗེད་མི་སྲིད་ཅེས་བྲིས་ཡོད།
     ཝུའུ་ཧན་གྱི་ཚོམས་ཆེན་རྣམ་པའི་སྟབས་བསྟུན་སྨན་ཁང་གི་ཡོན་ཀྲང་གཞོན་པ་ལི་ཀྲི་ཆང་གིས། ནད་པར་སྨན་བཅོས་དང་གཅེས་སྐྱོང་ཡག་པོ་བྱ་ཆེད། སྨན་ཁང་གིས་ཆེད་མངགས་ཀྲུང་ལུགས་གསོ་རིག་ཚོགས་ཆུང་བཙུགས་ནས་ལག་རྩལ་བྱང་ཆུབ་པའི་སྨན་པ་དཀའ་བཅུ་པ་དང་སྨན་གཡོག་བཀོད་སྒྲིག་བྱས་ཏེ། ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་ནད་པར་ཕྱོགས་བསྡུས་སྨན་བཅོས་བྱེད་ཀྱི་ཡོད། སྨན་ཁང་དུ་ད་དུང་སེམས་ཁམས་རིག་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་པ་དང་དཔེ་ཀློག་སྙན་ཞུའི་ཚོགས་འདུ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ། ནད་པའི་དངངས་འཚབ་དང་སེམས་ཁྲལ་སེལ་ཐབས་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཝུའུ་ཧན་གྱི་ཚོམས་ཆེན་རྣམ་པའི་སྟབས་བསྟུན་སྨན་ཁང་དུ་ཝུའུ་ཧན་ས་ཁུལ་གྱི་སྨན་བཅོས་རུ་ཁག་6ཕུད། ད་དུང་ཝུའུ་ཧན་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་12ཡོད་ཅིང་། དེའི་གྲས་སུ་རྒྱལ་ཁབ་ཛ་དྲག་གསོ་རིག་རོགས་སྐྱོབ་རུ་ཁག་5དང་། ཞིང་ཆེན་རིམ་པའི་སྨན་བཅོས་རུ་ཁག་1 ཞིང་ཆེན་རིམ་པའི་ནད་སྐྱོང་རུ་ཁག་5བཅས་དང་དེ་བཞིན་ཀྲུང་གོ་གསོ་རིག་ཚན་རིག་ཁང་པེ་ཅིང་ཞེ་ཧོ་གསོ་རིག་སློབ་གླིང་གི་P3ཚོད་ལྟ་ཁང་1བཅས་ཚུད་ཡོད། ནང་ཁུལ་དུ་སྒུལ་བདེའི་རྣམ་པའི་CTབརྟག་དཔྱད་དང་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་ཐུབ་ཀྱི་ཡོད་པ་རེད།