འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་12ཉིན།

༄༅༎བོད་ཀྱིས་ཤ་རིགས་ཏུན་1200དབོར་ནས་ཁྲོམ་རའི་མཁོ་འདོན་འགན་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་12ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། དགུན་ཡོལ་དཔྱིད་འཆར་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་འདིར། ཤ་རིགས་ཐོན་རྫས་མཁོ་འདོན་དང་ཁྲོམ་རའི་རིན་གོང་བརྟན་པོ་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འཕྲལ་དུ་ལན་ཀྲོའུ་ནས་ཕག་ཤ་འཁྱགས་མ་ཏུན་1000དང་ཚགས་ཤ་ཏུན་200དབོར་བ་རེད། ཟླ་2ཚེས་7ཉིན་བར་འཕྲལ་སྡོམ་གྲབས་གསོག་བྱས་པའི་ཤ་ཏུན་1200ལས་ཏུན་360མཛོད་ཁང་དུ་བཅུག་པ་དང་། དེ་བྱིངས་ཟླ་2པའི་ཟླ་སྨད་དུ་གཅིག་རྗེས་གཉིས་མཐུད་ངང་མཛོད་དུ་འཇུག་རྒྱུ་རེད། འཕྲལ་སྡོམ་འགན་ལེན་ཤ་རིགས་དེ་དག་བཙོངས་པས། མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ནུས་ལྡན་བསྐང་སྲིད།
     ཤེས་རྟོགས་བྱུང་བར་གཞིགས་ན། འཕྲལ་སྡོམ་གྲབས་གསོག་བྱས་པའི་ཤ་རིགས་དེ་དག་ལྷ་སའི་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་ལྕགས་པོ་རིའི་ཚལ་ཁྲོམ་སོགས་ཚལ་ཁྲོམ་ཆེ་གྲས་དང་དེ་བཞིན་ཚན་པ་དང་ཁེ་ལས་ཁག་གཅིག་གི་ཟ་ཁང་དུ་འཚོང་རྒྱུ་ཡིན་པ་ཕུད། གཞན་ཡང་ད་དུང་ལྷོ་ཁ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་སོགས་ས་ཁུལ་དང་གྲོང་ཁྱེར་གྱི་ཤ་འཚོང་སར་ཡང་དབོར་རྒྱུ་རེད། མིག་སྔའི་བར་བོད་ཀྱི་ལྗོངས་ཡོངས་ཀྱི་ད་ཡོད་ཀྱི་མཛོད་ཉར་འབྲུ་རིགས་དང་ཤ་རིགས་འདང་ངེས་ཡོད་པས་མཁོ་སྤྲོད་བརྟན་པོ་ཡོང་རྒྱུ་རེད།