འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་11ཉིན།

༄༅༎ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་བསྐྱོན་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་10ཉིན། 12:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་2ཚེས་9ཉིན་གྱི་དགོང་མོ་ཞལ་ཆད་ལྟར་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཞལ་པར་ཐོག་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། 
     ལི་ཁེ་ཆང་གིས་མིག་སྔར་ཀྲུང་གོ་སྲིད་གཞུང་གིས་ཁྲིམས་ལྟར་ཚན་རིག་དང་མཐུན་ལ་ནུས་ཤུགས་ལྡན་ཞིང་གོ་རིམ་ཡོད་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་བཞིན་ཡོད་པ་དང་། ནུས་ཤུགས་ཡོད་རྒུས་ནད་པར་སྐྱོབ་བཅོས་དང་། གཙོ་གནད་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་དང་འཚོ་བའི་མཁོ་ཆས་མཁོ་འདོན་འགན་ལེན་བྱེད་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་ཨང་དང་པོར་འཇོག་གི་ཡོད། ཀྲུང་གོ་ཕྱོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱིས་ཡོངས་བསྒྲགས་ཁ་གསལ་དང་། ཚད་མཐོའི་འགན་འཁྲི་འཁུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་དུས་ཐོག་ཏུ་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཀྱི་ཡོད། ང་ཚོས་སྤྱད་པའི་བྱེད་ཐབས་དེ་《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག་》གི་བླང་བྱ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲོས་འགོ་ལས་ཆེས་ཆེར་བརྒལ་ཡོད། རིམས་ནད་འགོག་རྒོལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་ཀྲུང་གོའི་རྒྱ་ཆེའི་སྨན་དོན་མི་སྣས་སྐྱེས་འབུལ་གྱི་སྙིང་སྟོབས་དང་། ལས་རིགས་ཀྱི་སྤྱོད་ལམ། འགན་འཁྲི་འཁུར་སེམས་ཧ་ཅང་ཆེན་པོ་བཅས་མངོན་ཡོད་པས་ང་ཚོས་ཁོང་ཚོའི་ལུས་སེམས་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་ངེས་ཡིན། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ནུས་པ་ཡོད་ཅེས་གསུངས། 
     ལི་ཁེ་ཆང་གིས་འཇར་མན་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔྱོད་ཤེས་སྒོས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཉིས་པོའི་རྒྱུན་གཏན་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱིའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་རེ་བ་བཏོན་ཞིང་། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཚོང་ལས་ཐབས་ལམ་བརྒྱུད་འཇར་མན་ནས་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་བྱེད་པར་དགོས་ངེས་ཀྱི་སྟབས་བདེ་བསྐྲུན་རྒྱུའི་རེ་བའང་ཡོད་ཅེས་ནན་བཤད་གནང་བ་རེད། 
     མོ་ཁེར་གྱིས་འཇར་མན་ཕྱོགས་ཀྱིས་མིག་སྔའི་རིམས་ནད་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་སྲིད་གཞུང་གིས་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱད་པར་ཀྲུང་གོ་མི་དམངས་ཀྱི་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད། འཇར་མན་ཕྱོགས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་གཟབ་ནན་གྱི་ལངས་ཕྱོགས་བཟུང་བ་དང་འབྲེལ་ཡོ་རོབ་མནའ་འབྲེལ་ནང་ཁུལ་དུ་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཚོད་འཛིན་བྱེད་ཐབས་ཚད་ལས་བརྒལ་བ་སྤྱད་མེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་སྡོད་པའི་འཇར་མན་པར་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་ཕྱོགས་ལ་སྨན་བཅོས་དངོས་ཟོག་གི་རོགས་སྐྱོར་མུ་མཐུད་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བར་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད། ཀྲུང་གོའི་སྨན་དོན་མི་སྣར་གུས་འདུད་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། 
     ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།