འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་5ཉིན།

༄༅༎ བོད་ཁུལ་གྱི་རིམས་འགོག་ཁྱབ་བསྒྲགས་ཐབས་ལམ་མང་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་05ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་རིགས་ནི་གཙོ་བོ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་རུ་ཁྱབ་ཡོད་ལ། ཡུལ་སྐད་ཀྱང་མདོ་དབུས་ཁམས་གསུམ་དུ་དབྱེ་ཡོད།
      “རྒྱ་ཡིག་དང་བསྡུར་ན་རིམས་འགོག་ཁྱབ་བསྒྲགས་ཐབས་ལམ་དེ་རིགས(བོད་ཡིག་གི་པར་གཞི)ལ་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱིས་དེ་བས་ཤེས་རྟོགས་བྱེད་སླ་པོ་རེད”ཅེས་མཚོ་སྔོན་ཟི་ལིང་གི་བོད་རིགས་དགེ་རྒན་ལྷ་བྱམས་རྒྱལ་གྱིས་བཤད།
     དྲ་རྒྱའི་ཐོག་རིམས་ནད་འགོག་པའི་ཐབས་ལམ་མང་ཆེ་བར་པར་རིས་ཀྱི་ཟུར་དུ་གསལ་བཤད་ཐུང་ངུ་རེ་བྲིས་ཡོད་ཅིང་། རྒྱ་ཁྱབ་བརྡ་སྦྱོར་དང་རབ་བཏགས་རི་མོ་སོགས་བཟོས་ནས་ལྟ་ཀློག་ཐེངས་ཁྲི་ཡན་ཟིན་ཡོད། ཉེ་ཆར། མིང་ལ《ཡུལ་སྐད་ལྔའི་པར་གཞིའི་ཏོག་གསར་གློ་ཚད་འགོག་པའི་འགུལ་རིས》དེ་སྐད་འཕྲིན་ཀྱི་གྲོགས་ཚོམས་སུ་ཁྱབ་པ་རེད།
     འགུལ་རིས་དེའི་ནང་བོད་ཆས་གྱོན་པའི་འགུལ་རིས་མི་སྣས་དབུས་གཙང་གི་ཡུལ་སྐད་དང་། བོད་བྱང་ཐང་གི་ཡུལ་སྐད་(ནག་ཆུའི་སྐད། )ཁམས་པའི་ཡུལ་སྐད་(སྡེ་དགེའི་སྐད། )ཨ་མདོའི་ཡུལ་སྐད། (འབྲོག་ཁུལ། )རྒྱ་རོང་གི་སྐད་བཅས་ཡུལ་སྐད་ལྔ་ལ་བརྟེན་ནས་དྲ་ཐོག་ཏུ་ཉེར་སྤྱོད་རིམས་འགོག་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
     “རིམས་འགོག་གི་དུས་སུ་བོད་ཁུལ་མང་ཚོགས་ལ་གོ་བདེ་ཞིང་ཤེས་སླ་བའི་ཤེས་བྱ་ཁྱབ་བསྒྲགས་བྱས་པར་བཀའ་དྲིན་ཆེ་ ” ཞེས་དྲ་མིང་ལ་PhuntSokDolMa(ཕུན་ཚོགས་སྒྲོལ་མ)ཟེར་མཁན་ཞིག་གིས་འདི་ལྟར་བཤད།          གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2ཚེས་2ཉིན་བོད་ཡིག་གི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ་》པར་སྐྲུན་བྱས་པ་དང་ཀློག་པ་པོས་ཀྲུང་གོའི་བོད་རིགས་དྲ་བ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་གཞུང་ཕྱོགས་དྲ་ཚིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྐད་འཕྲིན་སྤྱི་སྟེགས། འདར་སྒྲ་སོགས་སྨྱན་སྦྱོར་གསར་པ་བརྒྱུད་ཕབ་ལེན་ལྟ་ཀློག་དང་མཉམ་སྤྱོད་བྱེད་ཆོག       གཞན་ཡང་། མཚོ་སྔོན་གྱི་གྲོང་ཁྱེར་དང་རང་སྐྱོང་ཁུལ་8ཀྱི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་འཐུས་མི་58(སྤྲུལ་སྐུ་ན་གཞོན་དང་། མཁན་པོ། དགེ་རྒན། དགེ་བཤེས་སོགས)ཀྱིས“ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཏོག་དབྱིབས་ནད་དུག་གི་གློ་ཚད་མཆེད་ཚུལ་གསར་པ་བཀག་འགོག་བྱེད་དགོས”ཞེས་པའི་གྲོས་འདོན་ཡི་གེ་བཏང་ནས་ཚན་རིག་དང་མཐུན་པའི་སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་དང་གསལ་འགྲེལ་བྱས་པ་རེད།
     ཀྲུང་གོའི་བོད་རིགས་ས་ཁུལ་དུ་བརྙན་རིས་དེ་རིགས་བརྒྱུད་སྤེལ་བྱེད་པའི་ཁྲོད་འགུལ་རིས་དང་། མི་སྣའི་འཁྲབ་སྟོན། དྲ་རྒྱའི་རླུང་འཕྲིན་ལེ་ཚན་སྣ་ཚོགས་ཐོན་བཞིན་པ་དཔེར་ན། ཨ་མདོའི་བརྙན་འཕྲིན་གྱིས་བཏང་བའི་རིམས་འགོག་བརྙན་ཐུང་དང་། ཁམས་པའི་བརྙན་འཕྲིན་གྱི《བོད་ཁུལ་དུ་རིམས་འགོག་བྱ་སྤྱོད་སྤེལ་བཞིན་པ》དང་དེ་བཞིན་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི《375ཐད་གཏོང་ཁང》ལེ་ཚན་ནང་བཏོན་པའི་བོད་ལུགས་གསོ་རིག་གི་བཅར་འདྲི་སོགས་ཡོད།
     “བགྲོ་གླེང་གི་རྣམ་པ་བརྒྱུད་རླུང་འཕྲིན་དང་དྲ་རྒྱའི་ཐོག་དུས་གཅིག་ཏུ་ཐད་གཏོང་བྱེད་པ་ནི་གཙོ་བོ་རྒྱ་སྐད་མི་ཤེས་པའི་བོད་རིགས་མང་ཚོགས་ལ་སྔོན་འགོག་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། དེ་བཞིན་གཉེན་ཉེ་དང་གྲོགས་པོར་ཐུག་འཕྲད་མི་བྱེད་པ་དང་། རིམས་འགོག་ནུས་པ་ཆེ་རུ་གཏོང་བ། ཚན་རིག་ལ་ཡིད་ཆེས་བྱེད་པ་སོགས་ཀྱི་འདུ་ཤེས་ཁྱབ་སྤེལ་བྱ་རྒྱུ་དེ་རེད་”ཅེས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི《375ཐད་གཏོང་ཁང》ཞེས་པའི་གཙོ་སྐྱོང་པ་ལྷ་རྒྱལ་བཀྲ་ཤིས་ཀྱིས་བཤད་པ་དང་། ཁོང་གིས་2003ལོའི“ས་སི་དམིགས་བསལ་གློ་ཚད”གྱི་དུས་སྐབས་དང་བསྡུར་ན། ད་སྐབས་བོད་རིགས་ས་ཁུལ་དུ་ཕལ་ཆེར་མི་རེར་ལག་ཐོགས་ཁ་པར་རེ་ཡོད་པས། སྐད་འཕྲིན་དང་དཔོད་ཕྲན་སོགས(བེད་སྤྱོད)ཁྱབ་པ་དང་། འབྲེལ་ཡོད་ཤེས་བྱ་བརྒྱུད་བསྒྲགས་བྱ་རྒྱུར་ཧ་ཅང་སྟབས་བདེ་པོ་ཡིན་ཞེས་བཤད།   
      ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་མི་རིགས་སྐད་ཡིག་ལེ་ཚན་ལྟེ་གནས་ཀྱི་བོད་སྐད་རླུང་འཕྲིན་གསར་འགོད་པ་རྡོ་ཐར་གྱིས།  “མང་ཚོགས་ཀྱིས་དང་ལེན་བྱེད་བདེ་བ་དང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་བརྙན་རིས་མཉམ་འགུལ་བྱེད་སྟངས་བརྒྱུད། རིམས་ནད་དང་རིམས་འགོག་ཤེས་བྱ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་དེས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་མ་ཟད། མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་བློ་ཁ་བརྟན་དུ་བཏང་ནས་མང་ཚོགས་ཀྱིས་རིམས་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁྲིད་སྟོན་བྱས་ཡོད”ཟེར།