འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་22ཉིན།

༄༅།།ཟི་ལིང་གྲོང་ཁྱེར་གྱིས། བྱ་ཐབས་སྣ་མང་སྤྱད་དེ་དཔྱིད་གསར་དུས་ཆེན་གྱི་ ཁྲོམ་རའི་མཁོ་སྤྲོད་འགན་ལེན་
བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་22ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཁྲེང་ཀྲུང་ཆུས་སུ་གནས་པའི་ཆོན་ཨར་ཝན་ཡོན་ཞིང་ལས་ཚན་རྩལ་དཔེ་སྟོན་ཁུལ་གྱི་དྲོད་ཁང་ཆེ་མོའི་ནང་དྲོད་གཤེར་ལྡན་པའི་ལྷོ་ཕྱོགས་ཀྱི་རྩི་ཤིང་གླིང་དང་འདྲ་བར་འབྲི་ཏ་ས་འཛིན་དང་། ཀྲོ་མ་ཀྲུ སུར་པན། ཆེ་ཙི། ཧོང་ཀྭ་སོགས་སྔོ་ཚལ་ཚང་མ་སྨིན་ནས་ཁྲོམ་རར་འདོན་རྩིས་ཡོད་པ་རེད།
    ཚན་རྩལ་དཔེ་སྟོན་ཁུལ་གྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧྥུའུ་ཏེ་ཕིང་གིས་ཁུལ་ཡོངས་སུ་དྲོད་ཁང་ཆེ་མོ་འདི་ལྟ་བུ་ད་དུང་442ཡོད་པ་དང་། དྲོད་ཁང་ཆེ་མོའི་ནང་འདེབས་འཛུགས་བྱས་པ་ནས་འབྲས་བུ་སྨིན་པའི་བར་དུས་ཚིགས་གཅིག་ལས་མི་འགོར་བ་དང་ཐོན་ཚད་ཏུན་2ཡན་ཟིན་གྱི་ཡོད། “ང་ཚོའི་དྲོད་ཁང་ཆེ་མོའི་ནང་སྤྱིའི་ཆ་ནས་དུས་ཚིགས་གཅིག་བཏབ་ཚར་རྗེས་སླར་ཡང་དུས་ཚིགས་གཅིག་འདེབས་ཀྱི་ཡོད་པས་ལོ་གཅིག་ལ་ཐོན་ཚད་ཉུང་མཐར་ཡང་ཏུན་4ཡོད། ཁུལ་གྱི་སྔོ་ཚལ་གཙོ་བོ་ཟི་ལིང་གྲོང་ཁྱེར་དང་དེའི་མཐའ་འཁོར་གྱི་ཞིང་ཟོག་ཁྲོམ་རར་མཁོ་འདོན་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
     ཁུལ་དེས“ཁེ་ལས+མཉམ་ལས་ཁང+རྟེན་གཞི”བཅས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དཔེ་དབྱིབས་སྤྱད་དེ་འབྱུང་རྩ་ནས་དུས་ཆེན་རིང་གི་སྔོ་ཚལ་གྱི་སྤུས་ཚད་དང་རིན་གོང་བརྟན་པོ་ཡོང་བར་བྱས་ཡོད། “ང་ཚོའི་ཐོན་ཚད་རིན་གོང་ཁེ་ཤོས་ཡིན་པ་དང་དཔྱིད་གསར་དུས་ཆེན་རིང་གི་དགོས་མཁོ་ཆེ་བའི་སྐབས་སུའང་ང་ཚོས་རིན་གོང་སྤོར་གྱི་མེད”ཅེས་ཧྥུའུ་ཏེ་ཕིང་གིས་བཤད། དུས་ཆེན་རིང་གི་མཁོ་སྤྲོད་བརྟན་པོ་ཡོང་རྒྱུ་འགན་ལེན་བྱ་ཆེད་ཁུལ་གྱིས་དྲོད་ཁང་ཆེ་མོའི་དོ་དམ་དང་སྣ་ཁ་ལེགས་གཏོང་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་པས། ་ད་ཆ་ཐོན་ཚད་7%ཙམ་དུ་མཐོ་རུ་ཕྱིན་ནས་འདི་ལོའི་དཔྱིད་གསར་དུས་ཆེན་གྱི་མཁོ་སྤྲོད་འདང་ངེས་ཡོད་པ་རེད།
      ཁོང་དང་འདྲ་བའི་ཡིད་ཆེས་ཀྱིས་ཁེངས་པའི་གྲས་སུ་ད་དུང་ཁྲེང་ཀྲུང་ཆུས་ཞིང་ལས་གྲོང་གསེབ་དང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཙེང་ཁྲེང་ཡོད་པ་དང་། “སྔོ་ཚལ་ཙམ་མ་ཟད་ང་ཚོས་ད་དུང་སྣོད་བཅུད་འབྲོག་རས་ལུག་ཤ་དང་ཚགས་ཤ་མཁོ་སྤྲོད་བྱ་རྒྱུ་འགན་ལེན་བྱེད་ཀྱི་ཡོད། ཕག་གསོ་མཉམ་ལས་ཁང་གིས་ཕག་ཤ་མཁོ་སྤྲོད་འགན་ལེན་བྱས་ནས་དུས་ཆེན་རིང་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་ཡོད”ཅེས་ལི་ཙེང་ཁྲེང་གིས་བཤད། ཟི་ལིང་གྲོང་ཁྱེར་ནི་མཁོ་སྤྲོད་བྱ་ཡུལ་གཙོ་བོ་ཡིན་པས་ཁྲེང་ཀྲུང་ཆུས་ཀྱིས་གྲ་སྒྲིག་ཨང་གསར་བྱས་ནས་དཔྱིད་གསར་དུས་ཆེན་བསུ་བཞིན་ཡོད་པ་རེད།
      ལི་ཙེང་ཁྲེང་གིས་དུས་ཆེན་རིང་གི་ཞིང་ཟོག་ཐོན་རྫས་མཁོ་སྤྲོད་ཡག་པོ་བྱ་ཆེད། ཟི་ལིང་གྲོང་ཁྱེར་གྱིས་ཞིང་ཞོར་ཐོན་རྫས་ཀྱི་འཁོར་རྒྱུག་མ་ལག་བཙུགས་ནས་སྔོ་ཚལ་འདེབས་འཛུགས་རྟེན་གཞི་དང་། ཞིང་དུད་དང་ཞིང་ཞོར་ཁྲོམ་ར། ཚོང་ར། སྒོ་རྩིས་ཚོང་ཁང་བཅས་མཐུན་སྦྱོར་བྱས་ནས་ཐད་ཀར་མཁོ་སྤྲོད་ཐུབ་པའི་བསྡུར་ཚད་མཐོ་རུ་བཏང་སྟེ་འཁོར་རྒྱུག་གི་ལྷུ་ཚིགས་ཉུང་གཏོང་དང་མ་གནས་དམའ་རུ་བཏང་ཡོད། གཞན་ཡང་། ཟི་ལིང་གྲོང་ཁྱེར་གྱིས་ད་དུང་སྡེ་ཚན་མང་པོ་དང་མཉམ་འགུལ་བྱས་ནས“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་ཁྲོམ་རའི་རིན་གོང་ལྟ་ཞིབ་ཚད་ལེན་དང་ཁྲོམ་རའི་བྲིན་ཁ་རྒྱུག་མང་བའི་སྙན་སེང་ལས་དོན་ཡག་པོ་བསྒྲུབས་ཏེ། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་དབྱེ་ཞིབ་ཞིབ་གཅོད་ལ་ཤུགས་སྣོན་བརྒྱབ་སྟེ་སྔ་སྣུར་དུ་མཁོ་སྤྲོད་ཀྱི་གྲ་སྒྲིག་ཡག་པོ་བྱེད་རྒྱུ་ཡིན་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།