འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་15ཉིན།

༄༅།།དབྱི་རན་གྱིས་འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་དང་འབྲེལ་ཡོད་མི་འགའ་བཟུང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་15ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན། དབྱི་རན་གཞུང་ཕྱོགས་ཀྱི་གསར་འགྱུར་ཁང་གིས་གསར་འགྱུར་སྤེལ་བར་གཞིགས་ན། དབྱི་རན་ཁྲིམས་འཛུགས་སྡེ་ཁག་གིས་ཝུའུ་ཁོ་ལན་འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་སྣ་ཁ་ཤས་འཛིན་བཟུང་བྱས་ཡོད།     
   དབྱི་རན་ཁྲིམས་འཛིན་སྡེ་ཁག་གི་མགྲིན་ཚབ་པ་དབྱི་སི་མེ་ལི་ཡིས་ཉིན་དེའི་སྔ་དྲོར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ནས། ཆེད་མཁས་ཚོགས་པས་འབྲེལ་ཡོད་མི་སྣར་རྟོག་ཞིབ་དང་། འདྲི་ཞིབ་བྱེད་བཞིན་པ་དང་། འབྲེལ་ཡོད་ཡིག་ཆ་བསྡུ་རུབ་བྱེད་བཞིན་ཡོད་པ་མ་ཟད། མི་ཁ་ཤས་འཛིན་བཟུང་བྱས་ཡོད་པ་བསྟན། 
    དབྱི་སི་མེ་ལི་ཡིས། རྐྱེན་ཤོར་བའི་གནམ་གྲུའི་སྒམ་ནག་པོ་ཧྥ་རན་སེར་གསང་གྲངས་གཏོར་རྒྱུར་བསྐྱལ་ཡོད་ཅིང་། དབྱི་རན་དང་ཝུའུ་ཁོ་ལན་གྱི་ཆེད་མཁས་པ་གོ་རིམ་ཡོངས་ལ་ཞུགས་རྒྱུ་རེད། 
    དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི་ཡིས་ཚེས་14ཉིན་དབྱི་རན་རྒྱལ་ཁབ་བརྙན་འཕྲིན་ཁང་གི་ཐད་གཏོང་ཁྲོད་དབྱི་རན་ཁྲིམས་འཛིན་སྡེ་ཁག་གིས་མཐོ་རིམ་ཁྲིམས་ཁང་དང་ཆེད་མཁས་པ་བཅུ་ཡིས་གྲུབ་པའི་“དམིགས་བསལ་ཁྲིམས་ར་”འཛུགས་དགོས་པའི་བླང་བྱ་བཏོན་ནས། གོམ་གང་མདུན་སྤོས་ངང་ཝུའུ་ཁོ་ལན་གནམ་གྲུའི་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་རྟོག་ཞིབ་དགོས་པ་བཤད། ཁོང་གིས།“འགྲུལ་སྐྱེལ་གནམ་གྲུ་ས་ལ་ལྷུང་བའི་དོན་རྐྱེན་ནི་རྒྱུན་ལྡན་ཞིག་མིན། འཛམ་གླིང་ཡོངས་ཀྱིས་དབྱི་རན་གྱིས་ཇི་ལྟ་ཐག་གཅོད་པར་ལྟ་བཞིན་ཡོད།”ཅེས་གསུངས་ཡོད། དུས་མཚུངས་སུ། ལུའུ་ཧ་ཉི་ཡིས་དབྱི་རན་དམག་ཕྱོགས་ཀྱིས་འདི་སྔོན་དུ་“འཛེམ་ཟོལ་མེད་པར་ནོར་འཁྲུལ་ཁས་བླངས་པའི་”རྣམ་འགྱུར་ལ་ཡི་རང་ཡོད་པ་དང་། རྟོག་ཞིབ་མཇུག་འབྲས་ཀྱིས་མི་ཚང་མར་ལན་ཁ་སྤྲོད་ཐུབ་པའི་རེ་བ་ཡོད་ཅེས་བཤད།