འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་15ཉིན།

༄༅།།ཀྲུང་གོ་ནི་མ་གཞི་ནས་དངུལ་བརྗེས་འཛའ་ཐང་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་ཞིག་མིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་15ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་“དངུལ་བརྗེས་འཛའ་ཐང་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་”ལ་ངོས་བཟུང་བ་ཕྱིར་འཐེན་བྱས་པའི་གནད་དོན་ཐད། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས། ཀྲུང་གོ་ནི་མ་གཞི་ནས་དངུལ་བརྗེས་འཛའ་ཐང་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་མིན་ཞིང་། ཨ་རི་ཕྱོགས་ཀྱི་ཕྱོགས་བསྡོམས་གསར་ཤོས་དེ་ནི་དོན་དངོས་དང་དེ་བཞིན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དང་མཐུན་ཡོད་ཅེས་བརྗོད། 
    ཨ་རིའི་ནོར་སྲིད་པུའུ་ཡིས་ཚེས་13ཉིན་ལོ་ཕྱེད་ཀྱི་དངུལ་བརྗེས་འཛའ་ཐང་གི་སྲིད་ཇུས་སྙན་ཞུ་སྤེལ་བ་དང་། ན་ནིང་གི་ཟླ་8པར་ཀྲུང་གོ་ནི་“དངུལ་བརྗེས་འཛའ་ཐང་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་”ཡིན་པར་ངོས་བཟུང་བ་ཕྱིར་འཐེན་བྱས། 
   “ཀྲུང་གོ་ནི་མ་གཞི་ནས་དངུལ་བརྗེས་འཛའ་ཐང་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་མིན་ཞིང་། ཨ་རི་ཕྱོགས་ཀྱི་ཕྱོགས་བསྡོམས་གསར་ཤོས་དེ་ནི་དོན་དངོས་དང་དེ་བཞིན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དང་མཐུན་ཡོད།”ཀེང་ཧྲོང་གིས་ཚེས་14ཉིན་སྤེལ་བའི་ཕྱི་འབྲེལ་པུའུ་ཡི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་འདེབས་དུས། “རྒྱལ་སྤྱིའི་དངུལ་ལོ་ཐེབས་རྩ་རྩ་འཛུགས་ཀྱི་དཔྱད་དཔོག་མཇུག་འབྲས་ཀྱིས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ཆུ་ཚད་ནི་སྤྱིའི་ཆ་ནས་དཔལ་འབྱོར་གྱི་གཞི་རྩའི་ངོས་དང་མཐུན་ཞིང་། ཕྱི་དངོས་པོའི་ཐོག་ནས་ཀྲུང་གོ་ནི་‘དངུལ་བརྗེས་འཛའ་ཐང་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་ ’ཀྱི་བཤད་སྟངས་ངོས་ལེན་བྱེད་མེད། ”
    ཀེང་ཧྲོང་གིས། “ཀྲུང་གོ་ནི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་རེད། ང་ཚོས་སྔོན་ཆད་ཐེངས་མང་ལ་འགྲན་རྩོད་རང་བཞིན་གྱི་དངུལ་ལོར་རིན་ཐང་ཆག་པ་བྱ་རྒྱུ་མིན་པ་ཡང་ཡང་ནན་བཤད་བྱས་ཡོད་ལ། དངུལ་བརྗེས་འཛའ་ཐང་ལག་ཆ་བྱས་ནས་དཔལ་འབྱོར་འགྲན་རྩོད་སོགས་ལ་ཁ་གཏད་གཞལ་བའི་ཕྱི་རོལ་གྱི་ཟིང་འགུལ་བསླངས་མྱོང་མེད་ལ་བསླང་རྒྱུའང་མིན་”ཞེས་བཤད། 
     ཀེང་ཧྲོང་གིས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་དངུལ་བརྗེས་མཛའ་ཐང་ཁྲོམ་ར་ཅན་བསྒྱུར་བཅོས་གཏིང་ཟབ་གཏོང་བ་དང་། མུ་མཐུད་དུ་ཁྲོམ་རའི་དགོས་མཁོ་རྨང་གཞི་བྱས་ནས་སླེ་པོ་གཅིག་གི་དངུལ་ལོར་སྙོམས་སྒྲིག་ལ་ཟུར་ལྟ་བྱེད་པ་དང་། དོ་དམ་ཡོད་པའི་འཛའ་ཐང་འཕར་ཆག་ལམ་ལུགས་བཅས་འཐུས་ཚང་བཟོས་ཏེ། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དོ་མཉམ་ཆུ་ཚད་སྟེང་སྤྱིའི་ཆ་ནས་གཏན་འཇགས་ཡིན་པ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད།