འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་8ཉིན།

༄༅༎ཀན་སུའུ་ཡི་ཁྱད་ལྡན་ཞིང་ལས་ཐོན་ཟོག་ཤར་ནུབ་མཐུན་སྦྱོར་དབུལ་སྐྱོར་གྱི་གྲོང་ཁྱེར་བཞིར་བཙོངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་08ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ▶ 2019ལོ་ཁོ་ནར་གྲོང་ཁྱེར་བཞི་པོས་ཀན་སུའུ་ཡི་ས་ཆ་དབུལ་པོར་ཞིང་ལས་ཐོན་ཟོག་འཚོང་རོགས་བྱས་པར་སྒོར་དུང་ཕྱུར་17.96ཟིན་ནས་ཀན་སུའུ་ཡི་ཞིང་པ་འབབ་འཕར་དབུལ་སྒྲོལ་ཡོང་བའི་གོམ་སྟབས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་རེད།
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ནོར་ལུག་གི་ཤ་དང་། ཀུ་ཤུ། ཧོང་ཀྭ ཙོང་རིལ་སོགས་ཁྱད་ལྡན་གྱི་ཀན་སུའུ་ཞིང་ལས་ཐོན་ཟོག་གིས་བྱུར་བུར་གཏམས་པའི་ཟོག་འདྲེན་རླངས་འཁོར་18ཉིན་ཤས་གོང་ལན་ཀྲོའུ་ནས་ལམ་ལ་ཆས་ཏེ་ཐེན་ཅིན་དང་། ཞ་མོན། ཆིང་ཏའོ། ཧྥུའུ་ཀྲོའུ་བཅས་གྲོང་ཁྱེར་དུ་རྡོག་ཐོན་པ་དེ་ནི་གྲོང་ཁྱེར་བཞི་པོས་ཀན་སུའུ་ལ་རོགས་སྐྱོར་བརྩེ་སེམས་སྦྱིན་པར་སྐྱེས་ལན་ཕུལ་བ་ཞིག་རེད།
     ཀན་སུའུ་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་ཀྲང་ཡིང་ཧྭས། ད་རེས་སྒྲིག་འཛུགས་བྱས་པའི་ཏུན་510དང་སྒོར་ཁྲི་1100ཙམ་རི་བའི་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་ཟོག་གིས་རོགས་སྐྱོར་གྲོང་ཁྱེར་གྱི་དཔྱིད་གསར་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་ཐུབ་ལ་ཀན་སུའུ་ཡི་ཞིང་པར་ཐད་ཀའི་ཡོང་འབབ་ཀྱང་འཕར་ཐུབ། གོམ་སྟབས་རྗེས་མར། ཀན་སུའུ་ཡིས་ད་དུང་མུ་མཐུད་ཟོག་ཁུངས་སྒྲིག་འཛུཌ་བྱས་ཏེ་རོགས་སྐྱོར་གྲོང་ཁྱེར་ལ་སྐབས་བསྟུན་མཁོ་སྤྲོད་བྱས་ནས་རོཌ་སྐྱོར་བརྩེ་སེམས་དང་མཛའ་བརྩེ་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བརྗོད།
     ཤར་ནུབ་མཐུན་སྦྱོར་དབུལ་སྐྱོར་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ་འཛད་སྤྱོད་ཀྱི་དབུལ་སྐྱོར་དང་ཐོན་ཚོང་འབྲེལ་མཐུད་ཀྱི་དབུལ་སྐྱོར་ནི་ཤར་ནུབ་མཐུན་སྦྱོར་དབུལ་སྐྱོར་གྱི་གྲུབ་ཆ་གལ་ཆེན་ཡིན། ཐེན་ཅིན་དང་། ཞ་མོན། ཆིང་ཏའོ། ཧྥུའུ་ཀྲོའུ་བཅས་ཤར་ནུབ་དབུལ་སྐྱོར་མཐུན་སྦྱོར་གྲོང་ཁྱེར་བཞི་ཡི་རྒྱབ་སྐྱོར་ཤུགས་ཆེན་འོག་ཀན་སུའུ་ཡིས་གྲོང་ཁྱེར་བཞི་རུ་སྔ་རྗེས་སུ་དྲ་ཐོག་ཚོང་དོན་ཉམས་ལེན་ཁང་5གཉེར་ནས་ཤར་ནུབ་མཐུན་སྦྱོར་འཛད་སྤྱོད་དབུལ་སྐྱོར་གྱི་ཀན་སུའུ་ཚོང་ཟོག་རྩེ་གྲའི་ཆེད་དོན་འབྲེལ་མཐུད་བྱེད་སྒོ་སྤེལ་ཞིང་། ཁྱད་ལྡན་ཐོན་ཟོག་ཕྱིར་ཚོང་དང་། ཁོངས་བརྒལ་དྲ་ཐོག་ཚོང་དོན། དྲ་ཐོག་ཚོང་དོན་གྱི་གསོ་སྦྱོང་སོགས་ཀྱི་མཉམ་ལས་རྣམ་གྲངས་ཀྱི་གྲོས་མཐུན་བཞག་པ་རེད། 2019ལོ་ཁོ་ནར་གྲོང་ཁྱེར་བཞི་པོས་ཀན་སུའུ་ཡི་ས་ཆ་དབུལ་པོར་ཞིང་ལས་ཐོན་ཟོག་འཚོང་རོགས་བྱས་པར་སྒོར་དུང་ཕྱུར་17.96ཟིན་ནས་ཀན་སུའུ་ཡི་ཞིང་པ་འབབ་འཕར་དབུལ་སྒྲོལ་ཡོང་བའི་གོམ་སྟབས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་རེད། 
     ཤེས་རྟོགས་བྱུང་བ་ལྟར་ན། ཀན་སུའུ་ཡིས་ད་དུང་གྲོང་ཁྱེར་དང་ཀྲོའུ་ཁག་ལ་སྐུལ་སློང་བྱས་ཏེ་ཐོན་ཚོང་འབྲེལ་མཐུད་ཀྱི་འབྲེལ་བ་དམ་ཟབ་ཡིན་པའི་གྲོང་ཁྱེར་དབར་ཁྱད་ལྡན་སྤུས་ལེགས་བདེ་འཇགས་ཀྱི་ཞིང་ལས་ཐོན་ཟོག་གི་ཆ་སྒྲིག་ཁྲོམ་རའི་ཚོང་གཉེར་བྱེད་སྒོ་སྤེལ་བ་རེད། ཉེ་དུས་ཀན་སུའུ་ཞིང་ཆེན་ཆིང་དབྱང་གྲོང་ཁྱེར་ཧོན་རྫོང་གིས་པེ་ཅིང་གི་འཛད་སྤྱོད་ཁྲོམ་རར་ལུག་ཤ་ཏུན་25ལྷག་ཟིན་པའི་སྒམ་5000མཁོ་འདོན་བྱས་པ་དང་། ཀན་སུའུ་ཁྱད་ལྡན་ཞིང་ལས་ཐོན་ཟོག(ཀོང་ཀྲོའུ)ཕྱིར་ཚོང་ཞབས་ཞུ་ལྟེ་གནས་ཀྱིས་ཀོང་ཀྲོའུ་ཁྲོམ་རར་ཙོང་རིལ་ཏུན་300མཁོ་འདོན་བྱས་པ་རེད།
     ལན་ཀྲོའུ་རྒྱལ་སྤྱིའི་ས་མཐོའི་དབྱར་ཚལ་ཞོར་ཟས་ཉོ་སྒྲུབ་ལྟེ་གནས་ཀྱི་ཏུང་ཧྲི་ཀྲང་ཀྲང་ཀྲི་ཡུང་གིས། ཀན་སུའུ་ཡི་ཚོང་ཟོག་མཁོ་འདོན་ཁེ་ལས་ཀྱིས་ཚོང་གཉེར་བྱེད་སྒོའི་རྗེས་སུ་ཧུར་ཐག་འབྲངས་ནས་དུས་ཆེན་རིང་གི་ཟོག་ཁུངས་ཀྱི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྔར་བས་དམ་ཟབ་དང་བརྟན་པོའི་ངང་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་འཛུགས་པ། འཁོར་རྒྱུག་ལས་རྣམ་དང་ཚོང་གཉེར་རྣམ་པ་གསར་གཏོད་བཅས་བྱས་ཏེ་ཀན་སུའུ་ཡི་ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་ཕྱིར་ཚོང་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཀན་སུའུ་ཡི་ཞིང་ལས་ཐོན་ཟོག་གི་སྤུས་རྟགས་སྐྱེད་སྲིང་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།