འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་18ཉིན།

༄༅།།བོད་རིགས་ས་ཁུལ་དབུལ་པོར་རྩ་བ་ཚུགས་པའི“མེ་ཐབ་ཧྲུའུ་ཅི”

—— དབུལ་སྐྱོར་གྲོང་སྡོད་ཧྲུའུ་ཅི་དང་པོ་མཱ་ཧྲེང་ཅུན་གྱི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་18ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    “དབུལ་པོའི་རྩྭ་བ་དྲུངས་ནས་འབྱིན”དགོས་ན་ཐོག་མར་ནད་གཞིའི་འབྱུང་རྐྱེན་མེད་པར་བཟོ་དགོས།
    གསར་འགོད་པར་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ནས“མེ་ཐབ་ཧྲུའུ་ཅི”མཱ་ཧྲེང་ཅུན་ཐེངས་དང་པོར་འཕྲད། སྐབས་དེར་ཁོང་གིས་སྐྱེས་མ་ཐག་པའི་བུ་པང་དུ་བཏབ་ནས་གདོང་ལ་འཛུམ་མདངས་ཀྱིས་ཁེངས་བཞིན་མཆིས།
    2015ལོའི་ཟླ་བཅུ་གཅིག་པ་ནས་བཟུང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་སྟག་ཐོག་ཤང་བྱ་ཆུ་གྲོང་ཚོའི་དབུལ་སྐྱོར་ཧྲུའུ་ཅི་ཨང་དང་པོའི་འགན་འཁུར་ཚུན་དུ། མཱ་ཧྲེང་ཅུན་ནང་མི་དང་མཉམ་འཛོམས་བྱེད་པའི་དུས་ཚོད་ཧ་ཅང་ཉུང་། ཁོང་གིས“སང་ཉིན་གྲོང་ཚོར་ལོག་རྒྱུ་ཡིན། ངའི་མི་ཚེའི་དོན་སྙིང་གལ་ཆེན་ལྡན་པའི་དུས་གཞན་ཞིག་ནི་བྱ་ཆུ་གྲོང་ཚོའི་དབུལ་ཞྭ་ཕུད་པའི་ཉིན་མོ་དེ་ལོས་ཡིན”ཞེས་བརྗོད།
    བྱ་ཆུ་གྲོང་ཚོ་ནི་གཙང་གསུམ་ཆུ་འགོའི་ཁུལ་དུ་གནས་ཤིང་། ས་བབ་མཐོ་ཚད་ཆ་སྙོམས་སྨི་4420ཟིན། 2015ལོའི་ཟླ་དྲུག་པར། ལོ་26ལ་སླེབས་པའི་མཱ་ཧྲེང་ཅུན་མཚོ་སྔོན་སློབ་ཆེན་ནས་ཐོན་ཏེ་མཚོ་སྔོན་ཞིང་ཆེན་ཁོར་ཡུག་ཚན་རིག་ཞིབ་འཇུག་ཇུས་འགོད་ཁང་གི་ཁོར་ཡུག་གདེང་འཇོག་ལག་རྩལ་པ་ཞིག་ཏུ་གྱུར། གཅིག་ནས་ལས་ལ་བརྩོན་པ་དང་གཉིས་ནས་ཁོར་ཡུག་སྲུང་སྐྱོང་གི་ཆེད་ལས་རྨང་གཞི་ཡོད་པའི་རྐྱེན་གྱིས། ལས་ཀར་ཞུགས་མ་ཐག་པའི་ཁོང་རྩ་འཛུགས་ཀྱིས་གྲོང་སྡོད་དབུལ་སྐྱོར་བར་མངགས་རྒྱུའི་འོས་མི་དང་པོར་གྱུར།
བྱ་ཆུ་གྲོང་ཚོར་སླེབས་མ་ཐག མུ་མཐའ་མེད་པའི་རྩྭ་ཐང་དུ་སྣོད་བཅུད་ཉམས་ཞན་དུ་གྱུར་ནས་ས་ནག་ཀར་ཀོར་མང་པོ་ཐོན་པའི་དབང་གིས་འབྲོག་ལས་འཕེལ་རྒྱས་གཏོང་དཀའ་བ་དང་། བགྲོད་ལམ་འབར་འབུར་མང་ཞིང་འདམ་རྫབ་ཀྱིས་ཁེངས་པའི་དབང་གིས་འགྲིམ་འགྲུལ་སྟབས་བདེ་མེད་པ། གཞིས་སྡོད་ས་ཚིགས་ཀྱི་དྲོད་ལེན་སྒྲིག་བཀོད་ཆ་ཚང་མེད་པ། རྩྭ་ཆུ་གང་བཟང་སར་སྐྱས་སྤོ་བའི་འབྲོག་པ་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཞན་པ། ལྷགས་པ་བརྒྱབ་ཚེ་ཆུ་བོའི་འགྲམ་གྱི་གད་སྙིགས་གང་སར་འཁྱེར་ནས་འཕྲོད་བསྟེན་རིམས་འགོག་ཞན་པ། བྱ་ཆུ་གྲོང་ཚོའི་སྡོད་ཁང་ཆ་རྐྱེན་ཞན་པ་དང་། ཕྱིར་སྐྱོད་དཀའ་བ། འཐུང་ཆུ་དཀོན་པ། ཕྱུག་པོ་དེ་བས་ཆགས་དཀའ་བ་སོགས་ཀྱི་གནས་ཚུལ་ཤེས་རྗེས། མཱ་ཧྲེང་ཅུན་སེམས་ཁྲལ་ཆེན་པོ་སྐྱེས།
    “གནད་སྨིན་དབུལ་སྐྱོར་བྱ་ཡུལ་དུད་ཚང་དབུལ་པོ་མང་ཆེ་བ་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་རེད། ནད་གཞིའི་འབྱུང་རྐྱེན་ནི་ས་བབ་མཐོ་ཞིང་གྲང་ལ་དཀའ་ཚེགས་ཆེ་བའི་ཁོར་ཡུག་དེ་རེད། ཕྱུགས་འཚོ་སྐབས་གཙང་ཆུ་ཐད་ཀར་འཐུང་བ་དང་དགུན་ཁར་ལྕི་བ་འབུད་ནས་དྲོད་ལེན་པའི་དབང་གིས་ཐུམ་འབུའི་ནད་དང་། བུད་མེད་ཀྱི་ནད། དྲེག་གྲུམ་གྱི་ནད་སོགས་མང་པོ་ཐོན་གྱི་འདུག”ཅེས་མཱ་ཧྲེང་ཅུན་གྱིས་བརྗོད།
    “དབུལ་པོའི་རྩ་བ་དྲུངས་ནས་འབྱིན”དགོས་ན། ཐོག་མར་ངེས་པར་ཏུ་ནད་གཞིའི་འབྱུང་རྐྱེན་མེད་པར་བཟོ་དགོས། མཱ་ཧྲེང་ཅུན་གྱིས་ཉིན་མོ་དུད་ཚང་དུ་འཚམས་འདྲི་བྱེད་པར་བསྐྱོད་པ་དང་། དགོང་མོར་དཔྱད་གཞི་བཙལ་ནས་དྲོད་ལེན་ཇུས་གཞིར་ཞིབ་འཇུག་བྱས་ཤིང་། ཁོང་གིས“ཉིན་ཞིག་ང་ལ་གློ་བུར་དུ་བསམ་བློ་འདི་འདྲ་ཞིག་འཁོར་བྱུང་། ཆུང་དུས་རང་ཁྱིམ་དུ་བེད་སྤྱོད་གཏོང་མྱོང་བའི་མེ་ཐབ་ཐོག་ཆུ་དྲོན་མ་ལག་བསྒར་ཚེ་གཅིག་བྱས་ན་ངན་ཐོག་ངན་འཁོར་མི་ཡོང་བར། མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་ཉུང་དུ་གཏོང་ཐུབ་མི་ཡོང་ངམ་སྙམ”ཞེས་བརྗོད།
     ཨར་ལས་སྐྱ་ཐིག་ཇུས་འགོད་བྱ་ཆེད། ལོ་རབས་བརྒྱད་ཅུའི་ནང་སྐྱེས་པའི་ཧྲུའུ་ཅི་ཨང་དང་པོ་དེས་རྟག་ཏུ་མཚན་དགུང་བར་ལས་ཀ་བྱས་ནས་སྡོད་ཀྱི་ཡོད། ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད། ཁོང་གི་མེ་ཐབ་དང་ཆུ་དྲོན་དྲོད་ལེན་གྱི་མ་ལག་དེ་ཞིབ་འཇུག་ལམ་ལྷོངས་བྱུང་བ་རེད།
     ཡིན་ན་ཡང་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བར་དེ་འདྲའི་བདེ་བླག་བྱུང་མེད། འབྲོག་པ་ཚོ་ལུག་ལྤགས་སར་བཏིངས་ནས་ཉལ་རྒྱུར་གོམས་ཡོད་པས་ཁོང་ཚོར་མཚོན་ན་མེ་ཐབ་ནི“མཐོ་དྲགས”ཐག་ཆོད་ཡོད།
     མི་ཁ་ཤས་ཀྱིས“འདི་ཁུལ་དུ་སྐྱོ་ཐག་ཆོད་ནས་དཀའ་ལས་ག་ཚོད་བརྒྱབ་ཀྱང་སྟོང་པ་རེད”ཅེས་བརྗོད་མོད། མཱ་ཧྲེང་ཅུན་གྱིས་ཁ་ཡོད་ལག་ཡོད་ཀྱི་འགྱུར་ལྡོག་གཏོང་ཐུབ་པ་བྱས་ནས་སྟོན་ཕྱོགས་ཡང་དག་པ་བཙུགས་ཐོག་གནད་ཀྱིས་ཁྱོན་ལ་སྐུལ་ཁྲིད་ཐེབས་པར་བྱས་ཏེ་མི་རྣམས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུའི་སེམས་ཐག་བཅད།
     འབྲོག་པ་ཚོར་བྱ་དངོས་གསར་པའི་རིགས་དང་ལེན་བྱེད་དུ་འཇུག་ཆེད། མཱ་ཧྲེང་ཅུན་གྱིས་མང་ཚོགས་ཚོགས་ཆེན་སྒྲིག་འཛུགས་བྱས་ནས་ནད་འགོག་ཤེས་བྱ་ཁྲིད་པ་མ་ཟད། ད་དུང་དྲོད་ལེན་མ་ལག་གསར་པ་ངོ་སྤྲོད་ཀྱང་བྱས་མོད། ཡིན་ན་ཡང་གྲོང་མི་ཚོ་ཁ་ཐོར་དུ་གནས་རྐྱེན། གཅིག་སྡུད་སྒྲོག་འགྲེལ་བྱེད་སྐབས་མི་མང་པོ་ཞུགས་མི་ཐུབ་ལ། ད་དུང་ཚོགས་རའི་སྒྲིག་ལམ་ཡང་ཧ་ཅང་ཞན་པོ་ཡོད།
    “ཐེངས་གཅིག་ཡག་པོ་མ་བྱུང་ན་ཐེངས་གཉིས་བྱས་ཆོག”དྲོད་ལེན་མ་ལག་གསར་པ་བེད་སྤྱོད་བྱེད་འདོད་མེད་པའི་གྲོང་མི་ཚོར་དམིགས་ནས། མཱ་ཧྲེང་ཅུན་ཉིན་གཉིས་རེ་གསུམ་རེའི་ནང་ཁོང་ཚོའི་སྒོ་རྩར་བསྐྱོད་དེ་དྲིལ་བསྒྲགས་ལག་དེབ་སྤྲད་ནས་གོ་སྐོན་བློ་འགུག་ཧུར་ཐག་བྱས།
     མཱ་ཧྲེང་ཅུན་གྱི་སྣེ་ཁྲིད་དང་འགྲེལ་བཤད་འོག ཏཱ་རེ་སྐྱིད་ཚོད་ལྟར་ཞུགས་མཁན་གྱི་གྲོང་མིའི་གྲས་སུ་གྱུར། དྲོད་ལེན་མ་ལག་གསར་པ་བསྒར་རྗེས། ཏཱ་རེ་སྐྱིད་ཀྱི་ཉལ་ཁྲི་ཚ་པོ་ཆགས་པ་མ་ཟད། ཆུ་དྲོན་མ་ལག་བརྒྱུད་འཐུང་ཆུར་ཡང་དུག་སེལ་ཐུབ་ནས། ཐུམ་འབུའི་ནད་འགོ་ཚད་ཉུང་དུ་ཕྱིན་པས། “གྲང་ངར་གྱིས་རྐྱེན་པས་དབུལ་པོ་ཆགས་མཁན”མེད་པར་གྱུར་པ་རེད།
     2017ལོའི་ཟླ་བཅུ་པར། མེ་ཐབ་དང་ཆུ་དྲོན་གྱི་མ་ལག་དེ་འབྲོག་ཁྱིམ་10ཡིས་ཚོད་ལྟ་བྱས་པ་ལམ་ལྷོངས་བྱུང་བས། ཁོང་གི་མིང་ལ“མེ་ཐབ་ཧྲུའུ་ཅི”ཞེས་ཐོགས་པ་རེད།
     བསམ་ཕྱོགས་འགྲིག་ཚེ་ཕྱུག་འགྱུར་ལམ་བུ་ཤར་གཏོང་ཐུབ་ངེས།
    བྱ་ཆུ་གྲོང་ཚོའི་ངོས་ནས་བརྗོད་ན། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་འབེལ་པོ་མེད་པས། དེ་བས་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུར་ཧ་ཅང་འཚམ། “གྲོང་ཚོའི་བགྲོད་ལམ་ཤར་གཏོང་ཐུབ་ཚེ་ནོར་ལུག་གཞི་ནས་ཕྱིར་འཚོང་ཐུབ” མང་ཚོགས་ཚོ་བགྲོད་ལམ་བཟོ་འདོད་ཧ་ཅང་ཆེ། མཱ་ཧྲེང་ཅུན་གྱིས་ཕྱོགས་མང་པོ་ནས་བརྩོན་ལེན་བྱས་མཐར་གྲོང་གསེབ་བགྲོད་ལམ་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་613.7རག་པ་དང་། མིག་སྔར། ཁོང་གིས་ཞིང་ལས་ཐོན་རྫས་ཚན་རྩལ་ཞབས་ཞུའི་ལས་སྟེགས་འཚོལ་ཞིབ་བྱས་ནས་བཙུགས་ཏེ། འབྲོག་པ་མང་ཚོགས་ལ་ཕྱུགས་རིགས་གསོ་ཚགས་དང་ཕྱིར་ཚོང་གི་ཆ་འཕྲིན་མཁོ་འདོན་བྱས་ནས། དྲ་སྦྲེལ་དང་འབྲོག་ལས་ཟུང་འབྲེལ་གྱི་ལམ་བུར་སྐྱོད་བཞིན་མཆིས།
     ཕྱུག་པོ་ཆགས་དགོས་ན། “སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་དགོས། བྱ་ཆུ་གྲོང་ཚོའི་འབྲོག་པ་70%ཡན་ནི་ཡིག་རྨོངས་ཡིན་པས། མང་ཆེ་བས་སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ་ལ་བརྟེན་ནས་འཚོ་བ་སྐྱེལ་ཐབས་བྱེད་ཀྱི་ཡོད་པ་རེད།
    “ང་རང་ཆུང་དུས་ནས་ཁྱིམ་ཚང་དབུལ་པོའི་ནང་འཚར་ལོངས་བྱུང་བ་ཞིག་ཡིན། རྒྱལ་ཁབ་ཀྱིས་ང་སློབ་གྲྭ་ཆེ་མོར་འགྲོ་རྒྱུར་རྒྱབ་སྐྱོར་བྱས་བྱུང་། ཤེས་བྱ་ཡོན་ཏན་ཁོང་དུ་ཆུད་ན། གཞི་ནས‘དབུལ་རྩ་དྲུངས’ནས་འབྱིན་ཐུབ་ཅེས་མཱ་ཧྲེང་ཅུན་གྱིས་བཤད། 2016ལོར་གྲོང་ཚོའི་ནང“ཕྱུག་འགྱུར་འཇོན་ཐང་ཅན་དང་དུད་ཚང་དབུལ་པོ་ལས་གཏོད་ཟུང་འབྲེལ”ལག་ལེན་བསྟར་འགོ་ཚུགས་ཏེ། ཕྱུགས་རིགས་གསོ་ཚགས་སོགས་ཀྱི་ལག་རྩལ་གསོ་སྦྱོང་བྱེད་འགོ་ཚུགས་ཡོད། དུད་ཚང་དབུལ་པོ་ཝུན་རེ་ལ་དུས་ཡུན་རིང་པོ་ལས་ཀ་མེད་པས། མཱ་ཧྲེང་ཅུན་གྱིས་ཁོ་པར་འབྲི་གཡག་གསོ་ཚགས་བྱེད་སྟངས་ནས་འགོ་བཙུགས་ཏེ་སློབ་སྦྱོང་བྱེད་རྒྱུའི་ལྕག་སྐུལ་བྱས་པ་དང་། མིག་སྔར་ཝུན་རེ་ལ་ཟླ་རེར་ཡོང་འབབ་སྒོར་3000ཡོད་པ་རེད།
     སྣོད་བཅུད་སྲུང་སྐྱོང་དང་འབྲོག་པ་དབུལ་སྒྲོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུ་ནི་མཱ་ཧྲེང་ཅུན་ལ་འཕྲད་པའི་དཀའ་གནད་གཞན་ཞིག་རེད། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་བ་བརྒྱུད། ཁོང་གིས་མིག་རྒྱང་དེ་མུའུ་ཁྲི་73.5ཟིན་པའི་ས་ནག་ཐང་ལ་ཕྱོགས་ནས་གྲོང་མི་ཚོའི་སྣེ་ཁྲིད་དེ་རྩྭ་བཏབ་པ་རེད། 2015ལོ་ནས་བཟུང་། བྱ་ཆུ་གྲོང་ཚོར་ས་ནག་ཐང་བཅོས་སྒྲིག་གི་མ་དངུལ་སྒོར་ཁྲི་2750རག་པས། མི་79དོ་དམ་སྲུང་སྐྱོང་བའི་ལས་གནས་ལ་བཀོད་སྒྲིག་བྱས་པར་མང་ཚོགས་ཚོའི་དགའ་བསུ་ཚད་མེད་ཐོབ་ཡོད།
    “ང་ཚོའི་ཧྲུའུ་ཅི་བཟང་པོ”
     2019ལོར་བྱ་ཆུ་གྲོང་ཚོར་མི་རྣམས་དགའ་བ་སྐྱེས་འོས་པའི་འགྱུར་ལྡོག་བྱུང་ཡོད་པ་སྟེ། ཐུམ་འབུའི་ནད་ཐོན་ཚད་15%ནས་9.94%བར་ཆག་པ་དང་། མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་3000མ་ཟིན་པ་ནས་སྒོར་8600བར་མང་དུ་ཕྱིན་པ། ད་དུང་ཆན་ཝ་120ཟིན་པའི་འོད་ཤུགས་གློག་ཁང་དང་། བཀོད་སྒྲིག་ས་ཚིགས་སུ་སྤྱི་པའི་གསང་སྤྱོད། བདེ་འཇགས་འཐུང་ཆུའི་ཁྲོན་པ་52སོགས་བྱ་བ་དངོས་དང་བྱ་བ་བཟང་པོ་དེ་དག་ལས་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད།
     སྐད་བརྡ་མི་འཕྲོད་པ་དང་ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་དབང་གིས་དེ་སྔ་བོད་རིཌ་མང་ཚོགས་ཁག་གཅིག་གིས་ཧུད་རིགས་ཀྱི་ཕོ་གཞོན་དེར་དེ་ཙམ“སྣང་འཇོག”བྱེད་ཀྱི་མེད། ད་ཆ་མང་ཚོགས་ཚོ་ཡིད་ཆེས་ཀྱིས་ཁེངས་པ་དང་། མདུན་ལམ་ཡངས་པ། སེམས་ཤུགས་ཆེ་བ་བཅས་སུ་གྱུར་། ཁོང་ཚོས་མཐེ་བོང་བསྒྲེངས་ནས་བྱམས་བརྩེའི་ངང་མཱ་ཧྲེང་ཅུན་ལ“ང་ཚོའི་ཧྲུའུ་ཅི་བཟང་པོ”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།
     ལོ་བཞི་ཡི་རིང་། མཱ་ཧྲེང་ཅུན་ཉིན་མཚན་མེད་པར་གྲོང་ཚོའི་ནང་བསྡད་ནས་དབུལ་པོ་ཚོ་དང་མཉམ་དུ་འབད་འཐབ་བྱས། འབྱུང་འགྱུར་གྱི་སྐོར་གླེང་སྐབས་ཁོང་གི་རེ་བ་ཆེ་ཤོས་ནི་གཙང་གསུམ་ཆུ་བོ་སྔོ་ཞིང་དྭངས་བ་དང་འབྲོག་པ་ཚོ་ཕྱུག་པོ་ཆགས་རྒྱུ་དེ་རེད།
    “ངས་བུའི་མིང་ལ‘མཱ་ཆིན་རུའེ’ཞེས་བཏགས་པ་ཡིན། ཁོ་པ་གྱི་ལིང་རྟ་མཆོག་ཅིག་དང་འདྲ་བར་མཛེས་སྡུག་དང་འབྱོར་ཕྱུག་ལྡན་པའི་གཙང་གསུམ་ཆུ་འགོར་བང་རྩལ་ངོམ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་མཱ་ཧྲེང་ཅུན་གྱིས་བཤད།