འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་9ཉིན།

༄༅༎ཕྱོགས་བསྡུས་གསར་འགྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རིའི་རྒྱལ་ཚོགས་གྲོས་ཁང་འོག་མས་ཤིན་ཅང་དང་
འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་འཆམ་བྱུང་བར་རྒོལ་གཏམ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་09ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་ཀྲུང་གོ་ཕྱོགས་ཀྱི་ངོ་རྒོལ་དྲག་པོ་ལ་མ་བལྟོས་པར“2019ལོའི་ཡུ་གུར་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ཁྲིམས་གཞིར”གྲོས་འཆམ་བྱུང་བར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རི་ཕྱོགས་ཀྱི་བྱ་སྤྱོད་དེས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེན་བྱེད་པ་དང་། ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་རྐང་བཙུགས་ནས་དམའ་འབེབས་བྱེད་པ། ཀྲུང་གོའི་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པར་བཟོ་བའི་འབད་བརྩོན་ལ་ནག་བཟོ་བྱེད་པ། ཨ་རིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་ཀྱི་ཚད་གཞི་ཉིས་བརྩེགས་མངོན་པར་བྱས་ཡོད་པའི་ངོས་འཛིན་བྱས་པ་རེད། 
     སི་རི་ཡའི་ཕྱི་འབྲེལ་པུས་ཨ་རིའི་རྒྱལ་ཚོགས་གྲོས་ཁང་འོག་མས་ཤིན་ཅང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་འཆམ་བྱུང་བ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་བ་དང་དེ་ནི་ཀྲུང་གོའི་ནང་སྲིད་ལ་མངོན་སུམ་འཛེམ་མེད་ངང་ཐེ་ཇུས་བྱས་པ་ཡིན་ཞེས་རྒོལ་གཏམ་བཏང་བ་རེད། ཀྲུང་གོ་སྲིད་གཞུང་གིས“སྟོབས་ཤུགས་གསུམ”ལ་རྡུང་རྡེག་གཏོང་རྒྱུར་གཞོལ་ནས་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་གཞག་ལ་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོར་རང་ཉིད་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་བྱེད་དབང་ཡོད་ཅེས་པའི་གསལ་བསྒྲགས་སྤེལ་བ་རེད། 
     དབྱི་རན་ཕྱི་འབྲེལ་པུས་གསལ་བསྒྲགས་ནང་བདག་དབང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུ་དེ་ཨ་རིའི“རྒྱུན་ལྡན་རང་བཞིན”གྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། ཨ་རི་ལྟ་བུའི་ཡུལ་དེའི་སྡོད་དམངས་དབྱིན་ཏི་ཨན་གྱི་མི་རྩ་མེད་བཏང་བ་དང་ཧྥེ་གླིང་བ་བྲན་དུ་བཀོལ་བའི་ལོ་རྒྱུས་ལྡན་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་དང་། དབྱི་རག ཡེ་མོན་སོགས་རྒྱལ་ཁབ་ཏུ་དམར་གསོད་གཏོང་བའི་རྒྱལ་ཁབ་ཅིག་ལ་མཚོན་ན། འགྲོ་བ་མིའི་ཐོབ་ཐང་དང་རིགས་རྒྱུད་ཀྱི་གནད་དོན་དང་དེ་བཞིན་རྒྱལ་ཁབ་གཞན་གྱི་མི་རིགས་ལས་དོན་ཐད་མི་བཤད་དགུ་བཤད་བྱེད་པའི་ཐོབ་ཐང་གཏན་ནས་མེད་ཅེས་བརྗོད་པ་རེད། 
     ཧྥ་རན་སིའི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་སོ་ཉི་ཡ་པུའུ་ལེ་སི་ལའེ་ཡིས་ཤིན་ཅང་ལ་འཚམས་འདྲི་ཐེངས་མང་བྱས་པ་རེད། ཁོ་མོའི་མིག་ལམ་དུ་ཤིན་ཅང་ནི་མི་རིགས་མང་པོ་ཞི་མཐུན་མཉམ་གནས་ཀྱི་ས་ཆ་ཞིག་རེད། ཁོ་མོས་ཨ་རིའི་རྒྱལ་ཚོགས་གྲོས་ཁང་འོག་མས་ཤིན་ཅང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་འཆམ་བྱུང་བ་དེའི་ཐོག་ནས་ཨ་རིའི་བཙན་དབང་རིང་ལུགས་ཀྱི་བསམ་གཞིག་མཚོན་ཡོད། “འགྲོ་བ་མིའི་ཐོབ་ཐང”ཞེས་པ་ནི་ཨ་རིས་མང་ཚོགས་ཀྱི་གླེང་ཕྱོགས་ལོག་ལམ་དུ་འཁྲིད་པའི་ཁ་གཡོར་ས་ཙམ་རེད་ཅེས་བརྗོད་པ་རེད། 
     ཨེ་ཅིབ་ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱི་ཀྲ་ཐེ་ས་ཨ་ཏེས་ལོ་གཉིས་གོང་ཝུའུ་ལུའུ་མུའུ་ཆིར་འཚམས་འདྲིར་བྱས་མྱོང་ཡོད། ཁོང་གིས་ཤིན་ཅང་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་དེ་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད། ཤིན་ཅང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས་རྒྱལ་ཁབ་གང་ཞིག་ལའང་ཐེ་ཇུས་བྱེད་དབང་མེད། ཨ་རིས་སྒེར་གྱི་ཁེ་ཕན་ལ་གཞིགས་ནས། “འགྲོ་བ་མིའི་ཐོབ་ཐང་གི་གནད་དོན”ཟེར་བར་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པ་ནི་“བསྙད་འདོགས་རྒྱུ་འཕྲོག་གི་བྱ་སྤྱོད་ཅིག་རེད”ཅེས་བརྗོད། 
     ཨ་ཧྥུ་ཀ་ནི་སི་ཐན་གྱི《ཨ་ཧྥུ་ཀ་ནི་སི་ཐན་གྱི་ཉིན་རེའི་རྒྱང་ལྟ་ཚགས་པར》གྱི་ཆེད་བསྒྲིགས་ལེ་ཚན་གྱི་རྩོམ་པ་པོ་ཧ་ཅ་ཐུའུ་ལ་ཆི་ཡ་ཡིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་ཤིན་ཅང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་འཆམ་བྱུང་བ་དེ་ནི་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་ཇུས་བྱས་པ་ཞིག་ཡིན་པ་དང་། ཨ་རིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་ཀྱི་ཚད་གཞི་ཉིས་བརྩེགས་ཀྱིས་ཨེ་ཤེ་ཡ་དང་དབུས་ཤར་ས་ཁུལ་ལ་སྡུག་བསྔལ་མང་པོ་བཟོས་ཡོད། རྒྱལ་ཁབ་གང་རུང་གི་སྲིད་གཞུང་ཚང་མར་བྱེད་ཐབས་སྤྱད་དེ“སྟོབས་ཤུགས་གསུམ”ལ་རྡུང་རྡེག་བཏང་ནས་འཇིགས་སྐུལ་མེད་པ་བཟོ་རྒྱུའི་དབང་ཆ་ཡོད་ཅེས་བརྗོད་པ་རེད། 
     ཁེན་ནི་ཡའི་ཨ་རིའི་རྒྱལ་སྤྱིའི་སློབ་ཆེན་གྱི་སྤྱི་པའི་སྲིད་ཇུས་རིག་པའི་འཆད་ཁྲིད་དགེ་རྒན་སི་ཏི་ཧྥེན་ཨེན་ཏའེ་ཀེ་ཝས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་ཤིན་ཅང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིར་གྲོས་འཆམ་བྱུང་བ་དེ་ནི་ཀྲུང་གོའི་བདག་དབང་ལ་མངོན་སུམ་འཛེམ་མེད་ངང་བཙན་གནོན་བྱས་པ་ཞིག་རེད། ཀྲུང་གོ་སྲིད་གཞུང་གིས་ཤིན་ཅང་དུ་སྤྱད་པའི་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པར་བཟོ་བའི་བྱ་ཐབས་ལ་སྐྱོན་འཛུགས་བྱེད་ཐབས་མེད། ཤིན་ཅང་དུ་བསྟུད་མར་ལོ་གསུམ་རིང་གཏུམ་སྤྱོད་འཇིགས་སྐུལ་གྱི་དོན་རྐྱེན་བྱུང་མེད་ལ། བདེ་འཇགས་གནས་བབ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི་ནང་སྲིད་ལ་དོན་མེད་ཐེ་ཇུས་བྱེད་མཚམས་འཇོག་དགོས་ཞེས་བརྗོད།
     ཧིན་རྡུ་ཉི་ཞི་ཡའི་རིག་མཛོད་ཨེ་ཤེ་ཡའི་གསར་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི། ཧིན་རྡུ་ཉི་ཞི་ཡའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནན་དབྱང་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པན་པང་སུར་གཡོད་ནུའོ་ཡིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་གྲོས་འཆམ་བྱུང་བའི་ཤིན་ཅང་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིས་དོན་དངོས་ལ་གཏན་ནས་མ་བལྟོས་པར་དཀར་ནག་གོ་ལྡོག་པ་དེ་ནི་བཙན་དབང་རིང་ལུགས་དང་ཐེ་ཇུས་རིང་ལུགས་ཀྱི་དཔེ་མཚོན་མངོན་གསལ་དོད་པོ་ཞིག་རེད། ཀྲུང་གོ་སྲིད་གཞུང་གིས་ཤིན་ཅང་དུ་ལག་བསྟར་བྱེད་པའི་སྲིད་ཇུས་ཀྱིས་ཤིན་ཅང་ཡུན་རིང་བདེ་འཁོད་དང་བརྟན་ལྷིང་འཕེལ་རྒྱས་ལ་དམིགས་ཏེ་སྤྱོད་གོ་ཆོད་པས། སློབ་སྦྱོང་བྱེད་རིན་དང་ཁྱབ་གདལ་གཏོང་རིན་ཡོད་ཅེས་བརྗོད་པ་རེད། 
     ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ནོར་སྲིད་དངུལ་རྩ་སློབ་ཆེན་ཆབ་སྲིད་ཚན་ཁག་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀེ་ཝོར་ཀེ་སྨིར་ཙུའོ་དབྱང་གིས་ཨ་རིས་མཐའ་གཅིག་ཏུ་ཆབ་སྲིད་ཀྱི་ཀུན་སློང་ལ་བརྟེན་ནས་ཤིན་ཅང་གི་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་བྱ་ཐབས་ལ་ཐོབ་པའི་གྲུབ་འབྲས་ལ་སྣང་མེད་དུ་བཏང་ནས“འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞིར”གྲོས་འཆམ་བྱུང་བ་ནི་ཀྲུང་གོའི་ནང་སྲིད་ལ་མངོན་སུམ་འཛེམ་མེད་ངང་ཐེ་ཇུས་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།