འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་7ཉིན།

༄༅།།ཀྲུང་གོ་འབྲུ་རིགས་ཚོགས་པ་གོ་ལ་ཧྲིལ་པོའི་མ་རྩ་ཆེ་ཤོས་ཀྱི་འབྲུ་རིགས་ཚོགས་པར་གྱུར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་07ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། དེ་སྔ་རླངས་འཁོར་ནང་འབྲས་དང་། གྲོ་ཞིབ། ཕག་ཀྲིན་བཅས་བྱུར་པོར་བླུགས་པ་དབོར་འདྲེན་བྱས་པ་ལས་ཀྲུང་གོའི་བཟོ་ལས་ལ་འཕྲལ་དུ་མཁོ་བའི་ཕྱི་དངུལ་རག་པ་དང་། ད་ཆ། འཛམ་གླིང་ས་གནས་ཁག་གི་སྤུས་ལེགས་འབྲུ་སྣུམ་ཐོན་རྫས་ཁག་གཅིག་ནང་འདྲེན་བྱས་པ་དེས་མི་དམངས་མང་ཚོགས་ཀྱི“བཟའ་བཅའ་སྤུས་ལེགས་ཟ་ཐུབ་པའི”དགོས་མཁོ་བསྐངས་ཡོད་ཅིང་། ལོ་ངོ་70ཡི་ལོ་རྒྱུས་ལྡན་པའི་ཀྲུང་གོ་འབྲུ་རིགས་ཚོགས་པ་གོ་ལ་ཧྲིལ་པོའི་མ་རྩ་ཆེ་ཤོས་ཀྱི་འབྲུ་རིགས་ཚོགས་པར་གྱུར་ཡོད་པ་རེད།
     ཚེས་5ཉིན་ཀྲུང་གོ་འབྲུ་རིགས་ཚོགས་པའི་ཏུང་ཧྲི་ཀྲང་ལུའེ་ཅུན་གྱིས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་བཅིངས་འགྲོལ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ཧྭ་པེ་ཕྱི་ཕྱོགས་ཚོང་དོན་ཀུང་སི་ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་བཙུགས་པ་དང་། དེ་རྗེས་ཧྭ་པེ་འབྲུ་རིགས་ཀུང་སི་དང་། ཧྭ་པེ་སྣུམ་རྩི་ཀུང་སི། ཧྭ་པེ་སྒོ་ངའི་ཐོན་རྫས་ཀུང་སི་སོགས་སྔ་རྗེས་སུ་བཙུགས་ཡོད། “ཧྭ་པེ”ཞེས་མིང་བཏགས་པའི་ཀུང་སི་དེ་དག་ནི་ཀྲུང་གོ་འབྲུ་རིགས་ཚོགས་པའི་སྔ་མིང་རེད། དུས་དེ་ནས་བཟུང་། ཀྲུང་གོ་འབྲུ་རིགས་ཚོགས་པ་ཀུང་སིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་དགོས་མཁོ་སྐོང་བའི་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་པའི་ནང་ཞུགས་ནས་དམར་པོ“གདིང་གཞི”དང“རང་གཤིས”ལ་བརྩིས་ཏེ་སྲིད་གཞུང་གི་ཀུང་སི་ནས་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ཁེ་ལས་ལ་ཕྱོགས་སྒྱུར་བྱས་པ་དང་། ཚོང་དོན་ལས་སྒོ་སྣ་མང་ཐོན་ལས་ཚོགས་སྤྱིའི་བར་རྒྱ་སྐྱེད་བཏང་བ། རྒྱལ་ནང་གི་བཀོད་ཇུས་ནས་གོ་ལ་ཧྲིལ་པོ་ཅན་གྱི་གཉེར་སྐྱོང་བར་ཁྱབ་འགྱེད་བཏང་ཡོད། མིག་སྔར། ཀྲུང་གོ་འབྲུ་རིགས་ཚོགས་པའི་ལས་སྒོ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་ལ་ཁྱབ་ནས་ལོ་25བསྟུད་མར《རྒྱུ་ནོར》དུས་དེབ་ཀྱི་འཛམ་གླིང་གི་རབ་གྲས་500ཡི་གྲས་སུ་ཚུད་ཡོད། 2018ལོའི་ལོ་མཇུག་ཏུ་ཀྲུང་གོ་འབྲུ་རིགས་ཚོགས་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་5728དང་། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་4758 ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་129བཅས་ཟིན་ནས་མ་རྩ་ཨང་དང་པོ་དང་། ལས་གཉེར་ཡོང་འབབ་དང་ཁེ་སྤོགས་ཨང་གཉིས་པའི་རྒྱལ་སྤྱིའི་འབྲུ་རིགས་ཚོགས་པར་གྱུར་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་འབྲུ་རིགས་ཚོགས་པའི་འདེབས་འཛུགས་ཞིང་ལས་དང་། ཞབས་ཞུའི་ཞིང་ལས་ཀྱིས་རང་ངོས་ཀྱི་ཐོན་ལས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་ལས་ཐོན་སྐྱེད་ཆེད་ལས་ཅན་དང་། ཚད་གཞི་ཅན། གཞི་ཁྱོན་ཅན། ལེགས་བསྡུས་ཅན་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཞིང་ལས་ཐོན་རྫས་མཁོ་སྤྲོད་ནུས་ལྡན་བྱེད་པ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། ཞིང་པར་ལས་ཞུགས་འབབ་འཕར་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ལ་གྱུར་ཡོད་པ་རེད། ཀྲུང་གོ་འབྲུ་རིགས་ཚོགས་པས་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ལ་གཞོགས་འདེགས་ཧུར་ཐག་བྱེད་པ་དང་། འབྲུ་སྣུམ་ཁྲོམ་ར་བརྟན་དུ་གཏོང་བ། མི་དམངས་དེ་བས་བློ་བདེ་བ་དང་བདེ་ཐང་གི་འབྲུ་རིགས་ཟ་ཐུབ་པའི་འགན་ལེན་བྱ་རྒྱུ་རང་འཁྲིའི་ལས་འགན་ལ་བརྩི་བ། ཞིང་ནང་ནས་གསོལ་ལྕོག་བར་གྱི་འགོག་སྲུང་འཛིང་རགས་ཚང་མ་བརྟན་པོ་སྲུང་བ་བཅས་བྱས་ཡོད་པ་རེད། ཀྲུང་གོ་འབྲུ་རིགས་ཚོགས་པས་རྒྱལ་ནང་གི་ཐོན་ཁུངས་ཁོར་ཡུག་གི་ཆ་རྐྱེན་དང་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་གནས་ཚུལ་སྟངས་འཛིན་གནད་འཁེལ་བྱས་ནས་ཕྱི་རྒྱལ་དུ་བཀོད་ཇུས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་སྒྲོལ་མཉམ་ཉོའི་བྱ་ཐབས་གནད་སྨིན་ལག་ལེན་བསྟར་བ། རྒྱལ་སྤྱི་ཅན་གྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ། རྒྱལ་ནང་གི་ཞིང་ལས་འབྲུ་རིགས་རྐང་འཛིན་ཁེ་ལས་གང་མགྱོགས“ཕྱིར་སྐྱོད་རྒྱུར”སྐུལ་ཁྲིད་བྱེད་པ་བཅས་བྱས་ནས་ཀྲུང་གོའི་རྒྱལ་སྤྱིའི་འབྲུ་རིགས་ཀུང་སི་ཆེ་གྲས་ཀྱི་དུས་རབས་གསར་པའི་གཟུགས་བརྙན་གང་ལེགས་མངོན་པར་བྱས་ཡོད་པ་རེད།