འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་6ཉིན།

༄༅།།སློབ་གསོ་པུའུ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་
མའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞིར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་06ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་དུས། སློབ་གསོ་པུའུ་སོགས་སྡེ་ཚན་གྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞིའི་འབྲེལ་ཡོད་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་ནས། སློབ་གྲྭའི་ཟ་ཁང་གིས“སྤྱི་ཕན་རང་བཞིན་དང་ཁེ་གཉེར་མིན་པའི་རང་བཞིན”གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། སློབ་གྲྭས་གཉེར་བ་དང་དོ་དམ་བྱེད་པ་ལས་གཞན་ལ་འགན་གཙང་སྤྲོད་པའམ་ཡང་ན་གཉེར་སྐྱོང་བྱེད་དུ་འཇུག་མི་རུང་བ་བཏོན་ཡོད་པ་རེད།
    བརྡ་ཐོའི་ནང་། སློབ་གྲྭའི་འགན་ཁུར་བས་ཁ་ལག་མཉམ་དུ་ཟ་བའི(ཁ་ལག་གི་དངུལ་སོ་སོས་གཏོང་བ)ལམ་ལུགས་དང་ཆ་རྐྱེན་ཡོད་པའི་སློབ་གྲྭས་ཁྱིམ་བདག་གི་འཐུས་མིས་རེས་མོས་བྱས་ཏེ། ཁ་ལག་མཉམ་དུ་ཟ་བའི་ལམ་ལུགས་བཟོས་ནས་ཟས་རིགས་མཁོ་འདོན་ཁྲོད་ལྷག་པའི་གནད་དོན་དང་དཀའ་ངལ་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ཐུབ་པ་བྱེད་དགོས། འཕྲོད་བསྟེན་བདེ་ཐང་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སློབ་གྲྭའི་ཟ་ཁང་གི་ལས་མི་དང་ཁ་ལག་མཉམ་དུ་ཟ་མཁན་གྱི་བདེ་ཐང་དང་། ཁོར་ཡུག་འཕྲོད་བསྟེན། འཐུང་ཆུའི་ཆུ་ཁུངས་དང་བཟའ་བཅའ་ཉོ་སྒྲུབ་དང་། སྐྱེལ་འདྲེན། ལས་སྣོན། མ་དཔེ་འཇོག་པ། ལྟོ་སྣོད་འཁྲུ་བ་དང་དུག་སེལ་བྱེད་པ་བཅས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གྲྭའི་ཟ་ཁང་གིས་ཐབ་ཚང་གཙང་ལ་གྲལ་འགྲིག་པ་དང་ཁ་ལག་བཟོ་ས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
བརྡ་ཐོའི་ནང་། བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་ཐོན་པ། རང་དགར་ཁ་ལག་གི་སྤུས་ཚད་དང་ཚད་གཞི་དམའ་རུ་གཏོང་བའམ་ཡང་ན་ཚལ་ཐོ་གང་བྱུང་དུ་འགྱུར་བ་བཅས་བྱས་ཚེ། ཁྲོམ་ར་ལྟ་འདོམས་དང་སློབ་གསོ་སྲིད་འཛིན་སོགས་སྡེ་ཚན་གྱིས་འབྲེལ་ཡོད་ཚན་པ་དང་མི་སྒེར་གྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་སྦྲགས།“མིང་ཐོ་ནག་པོའི”ནང་བཅུག་ནས་སློབ་གྲྭའི་ནང་ཁ་ལག་མཁོ་འདོན་བྱེད་དུ་མི་འཇུག་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
བརྡ་ཐོའི་ནང་། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞི་ལག་བསྟར་བྱས་ཚུན། ས་ཁུལ་དབུལ་པོའི་གྲོང་གསེབ་སློབ་མའི་འཚོ་བཅུད་ལེགས་སུ་ནུས་ལྡན་ཕྱིན་ཡོད་ཅེས་འཁོད་ཡོད་པ་རེད།