འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅༎ཀྲུང་གོས་ཨ་དམག་གི་གནམ་གྲུ་དང་གྲུ་གཟིངས་ཤང་ཀང་དུ་ངལ་གསོ་ལེགས་སྒྲིག་བྱ་རྒྱུའི་རེ་ཞུར་གནས་སྐབས་
ཞིབ་མཆན་འགོད་རྒྱུ་མཚམས་འཇོག་བྱེད་པ་དང་འབྲེལ་ཀྲུང་གོར་ངོ་རྒོལ་དང་ཤང་ཀང་ཟང་ཟིང་བཟོ་མཁན་
ལ་རྒྱབ་སྐྱོར་བྱེད་མཁན་ཨ་རིའི་སྲིད་གཞུང་མིན་པའི་རྩ་འཛུགས་ལ་བཀག་སྡོམ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་2ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་སྲིད་གཞུང་གིས་ཚེས་2ཉིན་ནས་བཟུང་ཨ་དམག་གི་གནམ་གྲུ་དང་གྲུ་གཟིངས་ཤང་ཀང་དུ་ངལ་གསོ་ལེགས་སྒྲིག་བྱ་རྒྱུའི་རེ་ཞུར་གནས་སྐབས་ཞིབ་མཆན་འགོད་མཚམས་འཇོག་རྒྱུ་དང་ཆབས་ཅིག“ཨ་རིའི་རྒྱལ་ཁབ་དམངས་གཙོ་ཐེབས་རྩ་ཚོགས་པ”སོགས་ཤང་ཀང་གི་ཟིང་ཆའི་ཁྲོད་རྣམ་འགྱུར་ཧ་ཅང་ངན་པའི་སྲིད་གཞུང་མིན་པའི་རྩ་འཛུགས་ལ་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད།
     ཧྭ་ཁྲུན་ཡིང་གིས་ཉིན་ཤས་གོང་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པར་མ་བལྟོས་པར“ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི”ཟེར་བར་མིང་རྟགས་བཀོད་ནས་བཅའ་ཁྲིམས་བཟོས་པ་རེད། དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཚབས་ཆེན་འགལ་བ་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེན་བྱས་པ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་དེར་དམིགས་ནས་བློ་ཐག་ཆོད་པོའི་རྣམ་འགྱུར་བསྟན་ཡོད། ཨ་རི་ཕྱོགས་ཀྱི་ཁུངས་མེད་ཀྱི་བྱེད་སྤྱོད་ལ་དམིགས་ཏེ་ཀྲུང་གོ་སྲིད་གཞུང་གིས་དེ་རིང་ནས་བཟུང་ཨ་དམག་གི་གནམ་གྲུ་དང་གྲུ་གཟིངས་ཤང་ཀང་དུ་ངལ་གསོ་ལེགས་སྒྲིག་བྱེད་རྒྱུའི་རེ་ཞུར་གནས་སྐབས་ཞིབ་མཆན་འགོད་མཚམས་འཇོག་རྒྱུ་དང་ཆབས་ཅིག“ཨ་རིའི་རྒྱལ་ཁབ་དམངས་གཙོ་ཐེབས་རྩ་ཚོགས་པ”དང་། “ཨ་རིའི་རྒྱལ་སྤྱིའི་ལས་དོན་དམངས་གཙོ་མཐུན་ཚོགས”“ཨ་རིའི་རྒྱལ་སྤྱི་སྤྱི་མཐུན་ཞིབ་འཇུག་ཁང”“འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ”“རང་དབང་ཁྱིམ་གཞིས”སོགས་ཤང་ཀང་གི་ཟིང་ཆའི་ཁྲོད་རྣམ་འགྱུར་ཧ་ཅང་ངན་པའི་སྲིད་གཞུང་མིན་པའི་རྩ་འཛུགས་ལ་བཀག་སྡོམ་བྱ་རྒྱུ་གཏན་འབེབས་བྱས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ནོར་འཁྲུལ་ཡོ་བསྲང་བྱས་ནས་ཤང་ཀང་གི་ལས་དོན་ལ་ཐེ་ཇུས་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་གཏམ་སྤྱོད་གང་རུང་སྤེལ་མཚམས་འཇོག་དགོས་པའི་ལྕག་སྐུལ་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱིས་དུས་བབ་འཕེལ་རྒྱས་ལ་གཞིགས་ནས་གོམ་གང་མདུན་སྤོས་ཀྱིས་དགོས་ངེས་ཀྱི་བྱ་ཐབས་སྤེལ་ཏེ་ཤང་ཀང་གི་བརྟན་ལྷིང་དང་དར་རྒྱས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     གསར་འགོད་པ་ཞིག་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་འབྲེལ་ཡོད་སྲིད་གཞུང་མིན་པའི་རྩ་འཛུགས་ལ་བཀག་སྡོམ་བྱེད་དོན་གང་ཡིན་ནམ་ཞེས་དྲིས་པར།
     ཧྭ་ཁྲུན་ཡིང་གིས་དོན་དངོས་དང་དཔང་རྟགས་འབོར་ཆེན་གྱི་ཐོག་ནས་འབྲེལ་ཡོད་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཀྲུང་གོར་ངོ་རྒོལ་དང་ཤང་ཀང་ཟང་ཟིང་བཟོ་མཁན་མི་སྣར་རྒྱབ་སྐྱོར་བྱེད་པ་དང་དེ་ཚོར་ཐལ་སྐྱོད་བྱེད་སྤྱོད་སྤེལ་དགོས་པའི་ངན་སྐུལ་ཤུགས་ཆེན་བྱས་པ། “ཤང་ཀང་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངན་སྐུལ་བཅས་བྱས་པས་མིག་སྔའི་ཤང་ཀང་གི་ཟང་ཟིང་གནས་ཚུལ་ལ་འགན་ཆེན་པོ་ཡོད། རྩ་འཛུགས་འདི་དག་ལ་བཀའ་སྡོམ་བྱེད་འོས་ལ། དེ་ཚོར་ངེས་པར་དུ་དགོས་ངེས་ཀྱི་རིན་དོད་གཏོང་བཅུག་དགོས་ཞེས་བརྗོད་པ་རེད།