འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་28ཉིན།

༄༅༎སྔོ་ཚལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་མཁན་སུའུ་ཧྲེང་ཁྲེང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་28ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་སུར་སྐྱིད་གྲོང་ཚོའི་སོས་ཉར་མཛོད་ནང་ཚལ་རིགས་སྣ་ཚོགས་ཡོད་པ་དང་། སྔོ་ཚལ་དེ་དག་སྐྱེལ་འདྲེན་རླངས་འཁོར་ནང་དབོར་རྩིས་བྱེད་ཀྱི་ཡོད་ཅིང་། སུར་སྐྱིད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སུའུ་ཧྲེང་ཁྲེང་གིས“སྔོ་ཚལ་ཁག་ཐེངས་མཐའ་མ་དེ་དབོར་རྗེས་ཡུལ་མི་ཚོའི་འདི་ལོའི་ལས་ཀ་མཇུག་འགྲིལ་བ་རེད”ཅེས་བཤད།
     རི་ཐང་མཚམས་སུ་གནས་པའི་སུར་སྐྱིད་གྲོང་ཚོར་ས་བབ་སྨི་3200དང་གྲོང་ཚོ་ཡོངས་སུ་དུད་ཚང་303དང་མི་གྲངས་1197ཡོད་པ་དང་མི་རེའི་ཆ་སྙོམས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་2.15ལས་མེད། རང་བྱུང་ཆ་རྐྱེན་དེ་འདྲའི་འོག་གྲོང་མི་ཚོས་ལོ་གཅིག་ཧྲིལ་པོར་ཞིང་ལས་བྱས་ནའང་བཟའ་འབྲུ་འདང་ཙམ་ལས་མེད་པས་གྲོང་མིའི་འཚོ་བ་ཧ་ཅང་ཁག་པོ་ཡོད།
     2000ལོར་སུའུ་ཧྲེང་ཁྲེང་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིར་འདེམས་སྐབས་ཁོང་ལ“སྒོར་གསུམ་དང་ཐམ་ཀ་གཅིག”ལས་རྩིས་སྤྲད་མེད། གྲོང་མི་ཚོ་ཇི་ལྟར་བྱས་ནས་ཕྱུག་པོ་ཆགས་པར་བྱེད་པ་ནི་སུའུ་ཧྲེང་ཁྲེང་གིས་བསམ་བློ་གཏོང་ས་གཙོ་བོར་གྱུར་ཡོད།
     འཚམས་འདྲི་དང་རྟོག་ཞིབ་བྱས་པ་བརྒྱུད། སུའུ་ཧྲེང་ཁྲེང་ལ་སྔོ་ཚལ་འདེབས་འཛུགས་ཀྱི་ཐབས་ཤིག་རྙེད། “ང་ཚོའི་ས་ཆ་ས་བབ་མཐོ་བ་དང་། སྦགས་བཙོག་ཉུང་བ། ཉི་མ་འཕྲོ་ཡུན་རིང་བ། ཟི་ལིང་དང་ཐག་ཉེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་སྔོ་ཚལ་བཏབ་ན་ཧ་ཅང་འཚམ་པོ་ཡོད”ཅེས་སུའུ་ཧྲེང་ཁྲེང་གིས་བཤད། ཁོང་གིས་དང་ཐོག་གྲོང་མི་ཚོ་སྔོ་ཚལ་ཡག་པོ་བཏབ་པའི་ས་ཆར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཁྲིད་ནས་གྲོང་མིའི་བསམ་བློར་རིམ་བཞིན་འགྱུར་ལྡོག་བཏང་བ་རེད།
     ས་བབ་སྨི་3200ཡི་སར་སྐྱེ་བདེ་བའི་ཞོག་ཁོག་དང་། པད་ཁ། པད་ཚལ། རྒྱ་ཙོང་། ཧོ་ལན་སྲན་མ་སོགས་བསྡུར་བ་བྱེད་སྐབས། སུའུ་ཧྲེང་ཁྲེང་གིས་ཧོ་ལན་སྲན་མའི་ཁེ་བཟང་མང་ཤོས་ཡིན་པ་ཤེས་རྟོགས་བྱུང་བ་རེད། དེར་བརྟེན་2003ལོ་ནས་བཟུང་ཁོང་གིས་གྲོང་ཚོའི་ཏང་ཡོན་གྱི་སྣེ་ཁྲིད་དེ་ཧོ་ལན་སྲན་མ་འདེབས་རྒྱུའི་སྐུལ་སློང་བྱས་པས་ལོ་གཅིག་ལ་ཁེ་བཟང་མང་པོ་རག་པ་དང་འདེབས་འཛུགས་དུད་ཚང་གི་ཡོང་འབབ་ན་ནིང་ལས་ལྡབ་འགའ་ཤས་འཕར་ཡོད།
     ལོ་གཉིས་པར་གྲོང་མི་མི་ཉུང་བ་ཞིག“སྔོ་ཚལ་འདེབས་པའི་དཔུང་ཁག་ཆེན་པོའི”ནང་ཞུགས། སྔོ་ཚལ་འདེབས་མཁན་གྲོང་མི་མང་དུ་ཕྱིན་པར་བརྟེན། འབྲེལ་ཡོད་ཆ་འཕྲིན་གྱི་དགོས་མཁོ་ཡང་ཇེ་མང་དུ་སོང་བ་དཔེར་ན། ཕྱིར་ཚོང་ཐབས་ལམ་དང་ལག་རྩལ་འགན་ལེན་སོགས་ནི་གྲོང་མིས་དོ་ཁུར་བྱེད་པའི་གནད་དོན་རེད། གྲོང་མི་ཚོ་བློ་བདེ་པོའི་ངང་སྔོ་ཚལ་འདེབས་པ་མ་ཟད་འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱ་ཆེད། སུར་སྐྱིད་གྲོང་ཚོར་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་གྲོང་མི་ཚོར་རིན་མི་དགོས་པར་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་ཀྱི་ཡོད། སྔོ་ཚལ་འདེབས་འཛུགས་བྱེད་སྐབས་འཕྲད་པའི་ལག་རྩལ་གནད་དོན་ཐག་གཅོད་བྱ་ཆེད། སུའུ་ཧྲེང་ཁྲེང་གིས་ད་དུང་གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱི་ཞིང་འབྲོག་ཅུས་ནས་ལག་རྩལ་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་སྔོ་ཚལ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱས་པ་རེད།