འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་22ཉིན།

༄༅༎དེ་སྔའི་མཐའ་མཚམས་ཀྱི“མི་གསུམ་ཤང”ལ་ད་ཆ་སློབ་ཆུང་བསྐྱར་སྐྲུན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་སློབ་འགོ་ཚུགས་པའི་ཉིན་དང་པོར་ཡུལ་སྨད་ཤང་གི་སློབ་ཞུགས་གོང་གི་སློབ་ལོ་ལོན་པའི་བྱིས་པ་ཚང་མ་སློབ་གྲྭར་སྐྱོད་པ།
འདི་ནི་སློབ་འགོ་ཚུགས་པའི་ཉིན་དང་པོར་ཡུལ་སྨད་ཤང་གི་སློབ་ཞུགས་གོང་གི་སློབ་ལོ་ལོན་པའི་བྱིས་པ་ཚང་མ་སློབ་གྲྭར་སྐྱོད་པ།
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོ། སྐད་གསངས་མཐོན་པོའི་རྒྱལ་གླུ་དང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་སྒྲེང་བཞིན་དུ་ལོ་10ཙམ་སྒོ་བརྒྱབ་པའི་བོད་རང་སྐྱོང་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་སློབ་ཆུང་དངོས་སུ་སློབ་འགོ་ཚུགས་པ་རེད། སློབ་སྤྱི་སྐལ་བཟང་རྣམ་རྒྱལ་གྱིས“འདི་ལོ་སྔོན་ལ་སློབ་འགོ་ཚུགས་པ་ནི་བུ་བཅོལ་ཁང་གི་ཟུར་བཙུགས་འཛིན་གྲྭ་3ཡིན་པ་དང་དུས་སང་ཟླ་3པར་དཔྱིད་དུས་སློབ་འགོ་འཛུགས་སྐབས། གྲོང་ཚོའི་ནང་གི་རི་རྒྱབ་ཏུ་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་ཚོའང་འདི་གར་ཡོང་རྒྱུ་རེད”ཅེས་བཤད།
     ས་ཁྱོན་སྤྱི་ལེ་སྟོང་ཕྲག་ཟིན་པའི་ཡུལ་སྨད་ཤང་ནི་དེ་སྔ་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཀྱི་སྒྲིག་གཞི་ཚང་བའི་ཤང་ཡིན་པ་དང་། 1960ལོར་ཤང་བཙུགས་ནས་དུས་ཡུན་རིང་པོ་ཞིག་ནང་། བགྲེས་སོང་སངས་རྒྱས་ཆོས་འཕགས་ཀྱིས་བུ་མོ་གཉིས་ཉར་ཏེ་དེ་གར་འཚོ་བ་བསྐྱལ་ནས་བསྡད་པས“མི་གསུམ་ཤང”ཞེས་བརྗོད་ཀྱི་ཡོད། སློབ་མ་ཉུང་བའི་དབང་གིས་ཡུལ་སྨད་ཤང་སློབ་ཆུང་2009ལོར་སློབ་མཚམས་ཆད་པ་རེད།
     “མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་དང་རྩི་ཤིང་ཚང་མ་ང་ཚོས་སྲུང་སྐྱོབ་ཡག་པོ་བྱེད་དགོས” 2017ལོའི་ཟླ་10ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ལོ་གཉིས་འདས་ཟིན་པ་དང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བོད་སྐྱོར་ཞིང་ཆེན་ཧུའུ་ནན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཡུལ་སྨད་ཤང་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ནས། བོད་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་མིག་དཔེར་གྱུར་ཏེ། གྲོང་མི་དེ་བས་མང་བ་དེ་གར་སྤོས་ནས་ཕྱུགས་འཚོ་མཐའ་སྲུང་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་ཡིད་དབང་འཕྲོག་ཡོད།
     ཡུལ་སྨད་ཤང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་སྨད་ཤང་དུ་མིག་སྔར་གྲོང་མི་དུད་ཚང་50ལྷག་ཙམ་དང་མི་195ཡོད་པ་ལས་སློབ་ཞུགས་གོང་གི་སློབ་ལོ་ལོན་པའི་བྱིས་པ(ལོ་4ནས་6བར)23ཡོད་པ་དང་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ(ལོ་7ནས་12བར)14ཡོད་པ་རེད། བསྐྱར་སྐྲུན་བྱས་པའི་ཡུལ་སྨད་ཤང་སློབ་ཆུང་དུ་ད་ཆ་སློབ་ཆུང་གི་དགེ་རྒན་དང་བུ་བཅོལ་ཁང་གི་དགེ་རྒན་བསྡོམས་7ཡོད། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པ་མ་གཏོགས་མེད། ཟུར་བཙུགས་བུ་བཅོལ་ཁང་དུ་བྱིས་པ་23ཡོད་པ་ལས་འཛིན་གྲྭ་ཆུང་བར་སློབ་མ་8དང་། འབྲིང་བར་སློབ་མ་8ཆེ་བར་སློབ་མ་7བཅས་ཡོད་པ་རེད།
འདི་ནི་སློབ་འགོ་ཚུགས་པའི་ཉིན་དང་པོར་ཡུལ་སྨད་ཤང་སློབ་ཆུང་གི་ལུས་རྩལ་ཐང་དུ་སྐར་ལྔའི་དར་དམར་སྒྲེང་བཞིན་པ།
འདི་ནི་སློབ་འགོ་ཚུགས་པའི་ཉིན་དང་པོར་ཡུལ་སྨད་ཤང་སློབ་ཆུང་གི་ལུས་རྩལ་ཐང་དུ་སྐར་ལྔའི་དར་དམར་སྒྲེང་བཞིན་པ།