འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་22ཉིན།

༄༅༎མཚོ་སྔོན་ཡུལ་སྐོར་གྱི་རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཡུལ་སྐོར་ལམ་བུ་མང་པོ་བཏོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་22ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་དབྱང་རླུང་འཕྲིན་དྲ་རྒྱ་ཟི་ལིང་ནས་ཟླ་11ཚེས་16ཉིན་གནས་ཚུལ་སྤེལ་གསལ། མཚོ་སྔོན་ཡུལ་སྐོར་གྱི་རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས“མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་ཡུལ་སྐྱོར་བྱེད། རྒྱལ་ཁབ་ཀྱི་སྤྱི་གླིང་ལ་ལྟ”ཞེས་པའི་བརྗོད་དོན་གཙོ་བོའི་མཚོ་སྔོན་ཞིང་ཆེན་གྱི་འདི་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྟེ་མཚོ་སྔོན་གྱི་ཡུལ་སྐོར་ཚོང་དོན་འོས་སྦྱོར་ངོ་སྤྲོད་འདུ་ཚོགས་ཚེས་15ཉིན་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་གཉེར་བ་རེད།
     འོས་སྦྱོར་ངོ་སྤྲོད་འདུ་ཚོགས་ཐོག་མཚོ་སྔོན་གྱིས་རི་པིན་དང་། མ་ལེ་ཞི་ཡ། སིང་ཀ་ཕོར་སོགས་རྒྱལ་ཁབ་དང་ཀྲུང་གོའི་ཐའེ་དབན་ས་ཁུལ་གྱི་ཡུལ་སྐོར་ཁེ་ལས་ལ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་ཐོན་རྫས་འགྲེམས་སྟོན་བྱས་པ་དང་འབྲེལ། “དར་གོས་ལམ་བུའི་ཐང་བོད་གནའ་ལམ་གསང་བ་ཤེས་རྟོགས”དང་། “འཛམ་གླིང་གི་ངོ་མཚར་ལྡན་པའི་ཡ་ཏན” “གཙང་གསུམ་ཆུ་འགོའི་དྭངས་གཙང་ཡུལ་ཤུལ”བཅས་དང་། དེ་བཞིན་མཚོ་བོད་ལམ་ཐིག་དང་། མདོ་ལ་རི་བོ་སྐོར་བ། ཚྭ་འདམ་གཤོང་ས་སོགས་ཡུལ་སྐོར་ལམ་ཐིག་ཀྱང་འོས་སྦྱོར་ངོ་སྤྲོད་བྱས་པ་རེད།
     མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་དུ་རང་བྱུང་དང་མི་ཆོས་རིག་གནས་ཀྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འཛམ་གླིང་རིམ་པའི་ཡུལ་སྐོར་མཛེས་ལྗོངས་11དང་རྒྱལ་ཁབ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་52ཡོད་ཅིང་། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་ཨང་དང་པོའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་། འཛམ་གླིང་གི་རྒྱ་ཆེ་ཤོས་ཀྱི་ཁོ་ཁོ་ཤི་རིའི་རང་བྱུང་སྲུང་སྐྱོང་ཁུལ། ཀྲུང་གོའི་སྐམ་སའི་ཚྭ་མེད་མཚེའུ་ཆེ་ཤོས་མཚོ་སྔོན་པོ། མེ་ལོང་ལྟར་གྱི་ཚྭ་ཁ་མཚེའུ་སོགས་ཡོད་པས། མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་སེམས་ནང་གི་ཡུལ་སྐོར་གནས་མཆོག་ལ་འགྱུར་བཞིན་ཡོད། མིག་སྔའི་བར། མཚོ་སྔོན་གྱིས་འདི་ལོ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4933ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་20.3%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་546.87ཟིན་པ་དེ་དུས་མཚུངས་ལས་19.8%འཕར་ཡོད།
     མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་འོས་སྦྱོར་ངོ་སྤྲོད་འདུ་ཚོགས་ཐོག་ཤིས་ཚིག་བརྗོད་ནས། ད་ཐེངས་ཀྱི་ས་ཁོངས་ཡུལ་སྐོར་ཚོང་དོན་འོས་སྦྱོར་ངོ་སྤྲོད་འདུ་ཚོགས་འགོ་ཚུགས་མ་ཐག་ཡིན། དུས་ཡུན་ཟླ་བ་དྲུག་གི་མཚོ་སྔོན་གྱི་འདི་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀའི་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པའི“རང་འཁོར་བཏང་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་ཡུལ་སྐོར་བྱེད”ཅེས་པའི་ནང་དོན་གལ་ཆེན་གྱི་དམིགས་ཡུལ་ནི། མཚོ་སྔོན་གྱི་དགུན་དཔྱིད་གཉིས་སུ་ཡུལ་སྐོར་བ་མང་དུ་འགྲོ་ཐབས་བྱས་ཏེ། ཕྱི་ལོ་མཚོ་སྔོན་གྱི་ཡུལ་སྐོར་ཁྲོམ་རར་རྨང་གཞི་ཡག་པོ་འདིང་རྒྱུ་དེ་ཡིན་པ་དང་། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གྱི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ་དང་ཡུལ་སྐོར་ཁྲོམ་ར་རྒྱ་ཆེར་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།