འཚོལ་བཤེར།   
藏文频道
2019ལོའི་ཟླ་11ཚེས་21ཉིན།

༄༅༎ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་གི་འགྱུར་ལྡོག

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་21ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
བོད་ལྗོངས་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོའི་རྫ་ཆུའི་འགྲམ་གྱི་ཚྭ་ཞིང་།
བོད་ལྗོངས་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོའི་རྫ་ཆུའི་འགྲམ་གྱི་ཚྭ་ཞིང་།
     བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་ནི་ཁྲོན་བོད་ལམ་རྒྱུད་ཀྱི་རྒྱལ་ལམ་318ཀྱི་ས་ཚུགས་གལ་ཆེན་ཞིག་ཡིན། འདི་གའི་མི་ཚོས་རི་ཚོགས་དང་གྲོག་རོང་ཁྲོད་དུ་གནས་པའི་གནའ་བོའི་ཚྭ་ཞིང་ལ་བརྟེན་ཏེ་ཐང་རྒྱལ་རབས་དུས་ནས་ཚྭ་བཟོ་འགོ་ཚུགས་པས། ད་བར་ལོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཚྭ་སྐམ་སའི་ཚྭ་ཞིང་དག་ནི་མེ་ལོང་ཞིག་དང་འདྲ་ཞིང་། ས་མཐོའི་འགྱུར་ལྡོག་ཡོད་ཚད་གསལ་ལེར་མི་རྣམས་ཀྱི་མིག་ལམ་དུ་འདྲེན་བཞིན་མཆིས།
     ལོ་46ལ་སླེབས་པའི་སྐལ་བཟང་རྒྱ་མཚོ་ནི་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན། ལྕགས་རྟ་གྲོང་ཚོ་ནི་རྫ་ཆུའི་ནུབ་ངོགས་སུ་གནས་པའི་དུད་ཁྱིམ་བཅུ་ཕྲག་འགའ་ཤས་ཡོད་པའི་གྲོང་སྡེ་ཆུང་ངུ་ཞིག་ཡིན་པ་དང་། ལོ་ངོ་སྟོང་གི་ཚྭ་ཞིང་ལྕགས་རྟ་གྲོང་ཚོ་དང་དེའི་ཁ་སྤྲོད་ཀྱི་ཡར་ཀ་སྟེང་གྲོང་ཚོར་ཆགས་ཡོད།
     སྐལ་བཟང་རྒྱ་མཚོའི་ཁྱིམ་དུ་སླེབས་སྐབས་བོད་བཟོའི་ཅ་ལག་རྙིང་པ་རྣམས་ཉར་ཚགས་ཡག་པོ་བྱས་ཡོད་ཅིང་། གནའ་བོའི་ཚྭ་བཟོའི་ལག་ཆ་དང་ཚྭ་འཚོང་ཆོག་པའི་ཐམ་ཀ་སོགས་ཆ་ཚང་འདུག སྐལ་བཟང་རྒྱ་མཚོས་གསར་འགོད་པར་ཚྭ་ཆུ་ནི་རྫ་ཆུའི་འགྲམ་གྱི་ཚྭ་ཁྲོན་ནས་གཅིག་པ་ལེན་གྱི་ཡོད་ཀྱང་། ཆུའི་ཕར་ངོགས་ཀྱི་མི་སེར་ཚོས་སྐམ་པའི་ཚྭ་ནི་དཀར་པོ་ཡིན་པ་དང་། རང་ཉིད་གནས་སའི་ནུབ་ངོགས་ཀྱི་མི་སེར་ཚོས་སྐམ་པའི་ཚྭ་ནི་དམར་པོ་རེད་ཅེས་བརྗོད་བྱུང་།
     ལོ་རྒྱུས་དེབ་ཐེར་ཐོག་འཁོད་པ་ལྟར་ན། ཚྭ་བཟོ་བའི་ལོ་རྒྱུས་ཐང་རྒྱལ་རབས་བར་དུ་ཁུངས་འདེད་ཆོག ས་ཆ་འདིར་ཚྭ་ཁ་ལྷོ་ཞེས་འབོད་པ་ལས་ཚྭ་དང་འབྲེལ་བ་ཡོད་པའི་ཡུལ་ཞིག་ཡིན་པ་རགས་ཙམ་རྟོགས་ཐུབ། འདི་གར་ཚྭ་ཁྲོན་འདྲུ་བ་དང་། ཚྭ་ཆུ་ལེན་པ། ཚྭ་སྐམ་པ། ཚྭ་རྡོག་བསྡུ་བ་སོགས་རང་རྒྱལ་གྱི་གནའ་བོའི་ཚྭ་བཟོ་སྟངས་ཉར་ཚགས་ཡག་པོ་བྱས་ཡོད། སྔོན་མ་ཉིན་ལྟར་ཞོགས་པ་སྐྱེས་ཕོ་མོ་རྒན་གཞོན་ཚོས་གཙང་འགྲམ་གྱི་ཚྭ་ཁྲོན་ནས་ཚྭ་ཆུ་སྣོད་ཆས་ནང་བླུགས་ཏེ་སྒལ་པར་འཁུར་བའམ་ཡང་ན་དཔུང་པར་བཏེགས་ནས་ཚྭ་ཞིང་ཐོག་བཤོ་ཡི་ཡོད། དུས་ཚོད་གང་ཙམ་ཕྱིན་རྗེས་ཚྭ་ཆུ་རྣམས་ས་མཐོའི་ཉི་འོད་དང་རླུང་བུས་སྐམ་ཏེ་འོད་ལྷམ་མེར་འཚེར་བའི་ཚྭ་རྡོག་རེ་རེར་འགྱུར་གྱི་ཡོད། དེ་རྗེས་མི་ཚོས་ཚྭ་རྣམས་ག་ལེར་ཕྱགས་ཀྱི་ཡོད་པ་དང་ཚྭ་ཕྱགས་རྗེས་ཀྱི་ཚྭ་རྫིང་ནི་རས་དམར་པོའི་སྟེང་དུ་བྲིས་པའི་མེ་ཏོག་ལུག་མིག་དང་གཉིས་སུ་མ་མཆིས།
     སྲོལ་རྒྱུན་གྱི་ཚྭ་བཟས་པའི་རྐྱེན་གྱིས་བོད་རང་སྐྱོང་ལྗོངས་འདི་ཉིད་རང་རྒྱལ་གྱི་ཏན་རྒྱུ་མི་འདང་བའི་ནད་གཞི་ཐོན་མང་བ་དང་ཚབས་ཆེན་ཐོན་པའི་ས་ཁུལ་གྱི་གྲས་སུ་གྱུར་ཡོད། 2008ལོ་ནས་བཟུང་བོད་ཀྱིས་ཏན་ཚྭ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། མིག་སྔར་བོད་དུ་ཁྱབ་ཚད་98%ཟིན་པ་མ་ཟད། ཞིང་འབྲོག་པས་ད་དུང་ཏན་ཚྭ་ཉོ་སྒྲུབ་ཀྱི་ཁ་གསབ་ལོངས་སྤྱོད་བྱེད་ཆོག་གི་ཡོད། ཏན་ཚྭ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ་དང་སྦྲགས་བོད་བྱང་ཐང་གི་འབྲོག་པས་ཚྭ་ཁ་ནས་ཚྭ་ལེན་པའི་སྲོལ་རྒྱུན་སྤྱིར་ན་མེད་པ་ཆགས་པས། སྨར་ཁམས་ཀྱི་ཚྭ་ཁ་ལྷོ་ནི་སྔར་བཞིན་ཚྭ་ཐོན་སྐྱེད་བྱེད་མཁན་གནའ་བོའི་ཚྭ་ཞིང་གཅིག་པུ་དེར་གྱུར་ཡོད།
     སྐལ་བཟང་རྒྱ་མཚོས་ལྕགས་རྟ་གྲོང་ཚོར་མིག་སྔར་ཚྭ་ཞིང་2700ལྷག་ཙམ་ཡོད་པ་དང་ཚྭ་ཞིང་རེ་ནས་ལོ་ལྟར་ཚྭ་སྤྱི་རྒྱ་500ལྷག་ཙམ་ཐོན་གྱི་ཡོད། ཚྭ་ཞིང་གི་ཡོང་འབབ་ཀྱིས་གྲོང་མིའི་ཡོང་འབབ་ཀྱི་ཕྱེད་ཀ་ཙམ་ཟིན་གྱི་ཡོད། སྣང་ཚུལ་དེ་ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་དང་སྦྲགས་འགྱུར་ལྡོག་བྱུང་ཡོད་ཅེས་བརྗོད་བྱུང་།
     ཡུལ་སྐོར་འཕེལ་རྒྱས་ཕྱིན་པས། ཆུ་ཟོམ་ཆུ་འཐེན་འཕྲུལ་ཆས་ལ་འགྱུར་བ་དང་ཚྭ་ཞིང་མཛེས་ལྗོངས་ཁུལ་དུ་གྱུར་ཡོད། ཁང་པ་རྙིང་པར་བོད་ཁྱིམ་སྤྲོ་སྐྱིད་ཁང་བཙུགས་པས། སྐལ་བཟང་རྒྱ་མཚོར་འདི་ལོ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་3བྱུང་བ་དང་། ས་ཆ་འདི་གའི་ཚྭ་དོ་པོ་རེ་རེ་དམིགས་བསལ་གྱི་དྲན་གསོའི་དངོས་རྫས་ལ་གྱུར་ཡོད། ལོ་26ལ་སླེབས་པའི་ལྷ་མོས་རང་ཉིད་ཀྱིས་ཉིན་ལྟར་ཁྱིམ་ནས་ཐོན་པའི་ཚྭ་འཚོང་གི་ཡོད་པ་མ་ཟད། ད་དུང་སྤྱོད་སྒོ་གསར་པའང་ཤེས་བྱུང་། “ཚྭ་དམར་པོ་རྐང་པ་འཁྲུ་དུས་ཆུའི་ནང་སྦངས་ན་ངལ་དུབ་སེལ་ཐུབ”ཚྭ་ཤོག་ཆག་རེར་སྒོར་15ཡིན་པས་ཡུལ་སྐོར་བས་འཚང་ཁ་ཤིག་ཤིག་ངང་ཉོ་གི་འདུག་ཅེས་བརྗོད་བྱུང་།
བོད་ལྗོངས་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོའི་ལོ་46ལ་སླེབས་པའི་སྐལ་བཟང་རྒྱ་མཚོས་ཚྭ་ཞིང་ཁྱིམ་རྒྱུད་ཀྱི་སྔོན་ཆད་ཀྱི་ངལ་རྩོལ་རྣམ་པ་འཁྲབ་བཞིན་པ།
བོད་ལྗོངས་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོའི་ལོ་46ལ་སླེབས་པའི་སྐལ་བཟང་རྒྱ་མཚོས་ཚྭ་ཞིང་ཁྱིམ་རྒྱུད་ཀྱི་སྔོན་ཆད་ཀྱི་ངལ་རྩོལ་རྣམ་པ་འཁྲབ་བཞིན་པ།